བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་དང་བོད་གཞིས་བྱེས་གཉིས་ཀྱི་རྩོམ་པ་པོརྣམས་ལ་རང་དབང་གི་རྩོམ་རིག་གར་སྟེགས་ཤིག་འབྱུང་བར་དམིགས་ནས་ངེད་དྲ་ཚིགས་རྩོམ་རིག་ཁོ་ནའི་དྲ་ངོས་སུ་བསྒྱུར་གཏན་འཁེལ་ཟིན།
ང་ཚོ་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རླུང་འཕྲིན་གཉིས་ཀྱིས་གཙོས་པའི་བོད་ཀྱི་དུས་བབ་དང་། བང་ཆེན་ཚགས་ཤོག་བཅས་གསར་འགྱུར་ལས་རིགས་ཀྱི་དྲ་བ་དང་རླུང་འཕྲིན། བརྙན་འཕྲིན་སོགས་ནི་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ལ་དཔག་ན། གང་ཙམ་ཞིག་ཡོད་དང་ཡོད་བཞིན་པ་ཚང་མར་ངེས་གསལ་ལྟར་རེད། འོན་ཀྱང་དྲ་བར་མཚོན་ན་ཆབ་སྲིད་ཀྱི་ཉོག་མ་དང་མ་འདྲེས་པའི་རྩོམ་རིག་རྐྱང་པའི་ཕྱོགས་སུ་བསྐྱོད་བཞིན་པའི་དྲ་ཚིགས་ཅུང་དཀོན་པོར་མཐོང་། དེ་ཡང་རེ་ཟུང་ཞིག་ཡོད་ཀྱང་སྤྱི་ཚོགས་ཀྱི་དོ་སྣང་ཆུང་པ་སོགས་ཀྱི་རྐྱེན་པས་ཕན་ནུས་ཆེན་པོ་ཐོན་མེད་པར་སྣང་། དེ་བས་ཁ་ཕྱོགས་འདི་གཙོ་བོར་འཛིན་ཕྱིར་ངེད་དྲ་ཚིགས་ད་ནས་བཟུང་རྩོམ་རིག་རྐྱང་བའི་དྲ་ངོས་སུ་བསྒྱུར་གཏན་འཁེལ་ཟིན།
དེ་ཡང་ད་ལྟའི་གནས་སྐབས་འདི་ཙམ་མ་ཡིན་པར་ཕྱི་ལོ་༢༠༡༤ ལོར་ངེད་དྲ་ཚིགས་བསྐྱར་བཟོ་བྱུང་བ་ནས་བཟུང་དྲ་ཚིགས་ཀྱི་ཁ་ཕྱོགས་རྩོམ་རིག་ཆེད་གཉེར་གྱི་ཕྱོགས་སུ་བསྐྱོད་བཞིན་ཡོད་ཀྱང་དེ་ལྟར་བྱུང་བའི་གསར་བསྒྲགས་གང་ཡང་བྱས་མེད་ལ། འདི་ལ་དྲ་ཚིགས་ཀྱི་འགན་འཛིན་ཚང་མས་གོ་བསྡུར་ཐག་གཅོད་དེ་འདྲ་བྱུང་མེད་ཀྱང་དོན་ལ་རྩོམ་རིག་ཁོ་ནའི་དྲ་ཚིགས་ཤིག་གི་ངོ་བོར་གནས་ཡོད་པ་གསལ་བཤད་མ་བྱས་པ་ཙམ་ལས་དོན་ལ་ཁ་ཕྱོགས་དེར་གནས་ཡོད་ན་ད་ལན་ཐག་གཅོད་བྱུང་ཟིན་པས་དུས་ཀུན་ངེད་དྲ་ཚིགས་ལ་དོ་སྣང་ཡོད་མཁན་རྣམས་ལ་གསལ་བསྒྲགས་བྱས་ཟིན་པ་ཡིན།
གཞན་ཡང་ངེད་དྲ་ཚིགས་སུ་བཀོད་པའི་རྩོམ་ཡིག་དག་གི་འོག་ཏུ་ ༼བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག༽ ་ཅེས་བཀོད་ཡོད་པ་དག་བརྒྱུད་འགོད་བྱ་དགོས་ཚེ་ངེད་དྲ་ཚིགས་ལ་འབྲེལ་བ་གནང་དགོས། གཞན་ཡང་རྩོམ་ཡིག་སྐུར་མཁན་ཚོས་སོ་སོའི་རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་གནང་འདོད་ཡོད་མེད་ལ་ངེས་པར་དུ་རྩོམ་པ་པོ་དག་གིས་རང་ཉིད་ཀྱི་རྩོམ་ཡིག་གི་གཤམ་དུ་ཟུར་མཆན་ཁ་གསལ་ཐོག་འགོད་རོགས།
དེ་བཞིན་དུ་དྲ་ཚིགས་འདི་ཉིད་ཀྱི་ངོས་ནས་མ་འོངས་པར་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་སྐྱེད་སྲིང་དང་བོད་ཀྱི་རྩོམ་རིག་ཡར་རྒྱས་སྐུལ་འདེད་གཏོང་བའི་ཕྱོགས་ལ་གང་ཐུབ་ནས་མདུན་སྐྱོད་ཀྱི་གོམ་ཁ་སྤོ་རྒྱུའི་དམིགས་ཡུལ་དང་འཆར་གཞི་གང་ཙམ་རེ་ཡོད་ན། དེ་ནི་སྐབས་ཐོག་དེར་གཞིགས་ནས་རྒྱ་ཆེའི་ཀློག་པ་པོ་རྣམ་པའི་སྤྱན་ལམ་དུ་འབུལ་ངེས་ན་དེ་དག་ལ་དགོངས་འཇགས་ཡོང་བ་ཞུ།
ཕྱི་ལོ༢༠༡༥ ཟླ༡༡པའི་ཚེས༦ ཉིན་འོད་དཀར་དྲ་ཚིགས་ནས།