བདག་ཉིད་དང་མོལ་བའི་གཏམ་གྱི་གླེང་བརྗོད།


<<བདག་ཉིད་དང་མོལ་བའི་གཏམ>>ཞེས་པའི་གླེང་བརྗོད།

ཨ་རིའི་སྲིད་འཛིན། སྦི་རག་ཁུ་ཨོ་བྷ་མས་བརྩམས།

གོ་ཙི་ཙིས་བསྒྱུར།

        ནལ་སུན་མན་ཌ་ལ (Nelson-Mandela) ལགས་རོ་པན་གླིང་ཕྲན་ (Robben-Island) དུ་བཙོན་ལ་ཚུད་པའི་སྐབས་སུ། ང་ཡང་འཛམ་གླིང་གི་མི་ཕལ་ཆེ་བ་དང་འདྲ་བར་རྒྱང་ཐག་རིང་ས་ནས་ཁོང་ལ་ཆ་རྒྱུས་རིམ་གྱིས་བྱུང་བ་ཡིན། མི་ཕལ་མོ་ཆེའི་སེམས་ནང་དུ་ཁོང་ནི་སྐྱེས་པ་ཞིག་ཡིན་པ་ཙམ་མ་ཟད། ལྷོ་ཨ་ཧྥེ་རི་ཁ་དང་མཐའ་ན་འཛམ་བུ་གླིང་གི་ནང་ནས་དྲང་བདེན་ནམ་དྲང་བཞག་དང་བརྩིས་ཐང་གི་རྣམ་སྤྲུལ་ཞིག་ཏུ་སྣང་གི་ཡོད། ཁོང་གིས་ཕུལ་གནང་བའི་རླབས་ཆེན་གྱི་ལེགས་སྐྱེས་ཀྱིས་རྒྱལ་ཁབ་འདྲ་མིན་མང་པོའི་མི་དམངས་ལ་ཡར་བསྐུལ་གནང་སྟེ། ཁོང་ཅག་ལ་མིའི་རིགས་འཕེལ་རྒྱས་ཀྱི་དོན་དུ་རང་ནུས་ཅི་ལྕོགས་ཀྱིས་ལེགས་སྐྱེས་འབུལ་བར་སྐུལ་འདེད་གཏོང་གི་ཡོད།

        མི་མང་པོ་ཞིག་གིས་ཁོང་གི་རྗེས་སྙེག་གིན་ཡོད། དེ་བས་ངས་ཀྱང་འོས་འཚམ་གྱི་ཐབས་ལམ་སྤྱད་དེ་ཧུར་ཐག་འབད་རྩོལ་གྱིས་ཁོང་གི་གོམ་འགྲོས་ཀྱི་རྗེས་སྙེག་པ་ཡིན། ང་རང་ཐེངས་དང་པོ་ཆབ་སྲིད་ཀྱི་བྱ་འགུལ་ལ་ཧུར་བརྩོན་གྱིས་ཞུགས་པའི་སྐབས་སུ་ང་ནི་ད་རུང་སློབ་ཆེན་སློབ་མ་ཞིག་ཡིན། སྐབས་དེར། ང་རང་མ་འཐེན་ལས་འགུལ་ (撤资运动) ལ་ཞུགས་པ་མ་ཟད། ལྷོ་ཨ་ཧྥེ་རི་ཁར་རིགས་རྒྱུད་དབྱེ་འབྱེད་ལམ་ལུགས་ལ་གྱེས་བརྡ་གཏོང་བའི་ལས་འགུལ་ཀྱི་ཁྲོད་དུ་ཞུགས་པ་ཡིན། འོན་ཀྱང་ན་གཞོན་ཞིག་གི་ཆ་ནས་ང་རང་སྒེར་ལ་འཕྲད་པའི་བར་ཆད་དེ་དག་ནི། ནམ་ཞག་རྒྱུན་དུ་རིགས་རྒྱུད་དབྱེ་འབྱེད་ལམ་ལུགས་ཀྱི་འོག་ཏུ་འཚོ་བ་རོལ་བཞིན་པའི་མི་དེ་དག་དང་ཉང་ཉུང་མཉམ་བསྲེ་ནམ་ཡང་བགྱི་མི་རིགས། ལྷག་པར་དུ་ཡང་སྙིང་བློ་སྟོབས་གང་འདྲ་ཞིག་གིས་མན་ཌ་ལས་ཁྲི་མུན་གྱི་ལོ་ཟླ་དེ་འདྲའི་རིང་པོ་ཞིག་བསྐྱལ་ཐུབ་ཡོང་བ་ནི་ཁོ་བོའི་བློ་ཡུལ་ལས་ཡོངས་སུ་འགོངས་བ་འདུག་ལགས། ཁོང་ཉིད་ཀྱིས་ང་རང་སྔར་བས་མཐའ་ཡས་པའི་འཇིག་རྟེན་ལ་འཚོལ་ཞིབ་བགྱིད་པར་འབོད་བསྐུལ་གནང་བ་ཡིན་ལ། ཁོང་ཉིད་ཀྱིས་ང་རང་ལ་ང་ཚོ་མི་རེ་རེར་བདེན་དོན་གྱི་བྱ་གཞག་སྐྱོང་བའི་འོས་འགན་མཆིས་པར་ཤེས་སུ་འཇུག་པ་ཡིན། ཁོང་གིས་གདམ་ཁ་མཛད་པའི་མི་ཚེའི་ལམ་ཁ་རེ་རེས་ང་ཚོ་ལ་སྐྱེས་བུ་སྒེར་རེ་རེས་ད་ལྟའི་གནས་བབ་ཁོ་ན་ལ་ཡིད་མ་ཚིམས་པར། རང་ནུས་ཅི་ལྕོགས་ཀྱིས་ཕུགས་བསམ་གྱི་འཇིག་རྟེན་ཞིག་ལ་འཚོལ་སྙེག་བགྱི་འོས་པར་ཤེས་སུ་བཅུག

         ལོ་འདི་གར་ཁོ་བོས་ཧ་ཅང་ཁེངས་ཆུང་གི་བསམ་པ་དང་བཅས་ཏེ། ཁོང་ཉིད་ལ་དོ་ཁུར་དང་དད་བཀུར་ཅིག་ཅར་དུ་བགྱི་བཞིན་ཡོད། དེ་དང་ཆབས་ཅིག་ཏུ་ཁོང་གིས་དྲང་བདེན་དང་དྲང་བཞག་རྩོད་ལེན་བགྱི་བའི་གོ་རིམ་གྱི་ཁྲོད་དུ་ཕུལ་གནང་བའི་ལེགས་སྐྱེས་ཀྱིས་ང་རང་ལ་བསྐུལ་འདེད་ཞུ་བཞིན་ཡོད། དེང་གི་འཇིག་རྟེན་ནི་སྐྱོ་སྣང་དང་ཡིད་ཆད་ཀྱིས་ཁེངས་ཡོད་པ་རེད་ལ། མན་ཌ་ལའི་མི་ཚེའི་བྱུང་བའང་ཏག་ཏག་འདི་ལྟ་བུའི་འཇིག་རྟེན་ཞིག་གི་ཁ་གཏད་དུ་ལངས་པའི་གོ་རིམ་ཡིན། ཁོང་ནི་བཙོན་པ་ཞིག་ནས་རང་དབང་གི་མི་ཞིག་ཏུ་གྱུར་བ་རེད་ལ། བཅིངས་འགྲོལ་འཐབ་རྩོད་པ་ཞིག་ནས་ཞི་འདུམ་དར་སྤེལ་གནང་བའི་ཧུར་བརྩོན་པ་ཞིག་ཏུ་གྱུར་བ་དང་། ཏང་སྲིད་ཀྱི་དབུ་ཁྲིད་ཅིག་ནས་རྒྱལ་ཁབ་ཅིག་གི་སྲིད་འཛིན་དུ་གྱུར་སྟེ། རྒྱལ་ཁབ་ཀྱི་དམངས་གཙོ་ཧུར་འབུངས་ཞེ་བསྐྱེད་ཀྱིས་འཕེལ་རྒྱས་དར་སྤེལ་བཏང་བ་རེད། ལས་ཡོལ་ཞུས་རྗེས།མན་ཌ་ལས་མུ་མཐུད་དུ་དྲང་བཞག་དང་གོ་སྐབས་འདྲ་མཉམ། འགྲོ་མིའི་རྩིས་ཐང་མངོན་འགྱུར་འབྱུང་ཕྱིར་འབད་བརྩོན་དོན་དུ་གཉེར་བ་རེད། ཁོང་གིས་རྒྱལ་ཁབ་འདི་དང་ཐ་ན་འཛམ་བུ་གླིང་ལ་མཛད་རྗེས་བླ་ན་མཐོ་བ་བཞག་གནང་ཡོད། གལ་ཏེ་འདས་པའི་ལོ་ངོ་བཅུའི་ནང་དུ་ཁོང་ཉིད་མེད་པའི་དབང་དུ་བཏང་ན།  དེ་རིང་གི་ལོ་རྒྱུས་གང་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ནི་བློས་དཔོག་དཀའ་བ་ཞིག་རེད།

        ང་རང་ཨ་རིའི་སྤྱི་གྲོས་པ་ལ་འདེམས་བསྐོས་བྱས་པའི་རྗེས་སུ། རོ་པན་གླིང་ཕྲན་དུ་མན་ཌ་ལ་བཙོན་འཇུག་བྱས་སའི་བཙོན་ཁང་དེར་ཕྱིན་པ་ཡིན། སྐབས་དེར། ང་རང་ཧྥུ་ཇི་ཉི་ཡ་སློབ་གྲྭ་ཆེན་མོའི་ནང་ནས་ཆབ་སྲིད་ཀྱི་ལས་སུ་གོམ་བགྲོད་ཐེངས་དང་པོ་སྤོས་ཏེ། མ་འཐེན་ལས་འགུལ་ལ་ཞུགས་ནས་ལོ་ངོ་ཉི་ཤུ་རྩ་གྲངས་ཤིག་འགོར་ཟིན་པ་རེད། དེང་འདིར་རོ་པན་གླིང་ཕྲན་ནི་དྲན་གསོའི་རྡོ་རིང་ཞིག་ཏུ་གྱུར་སྟེ། ལྷོ་ཨ་ཧྥེ་རི་ཁའི་ཞི་བདེ་མངོན་འགྱུར་གྱི་སླད་དུ་ལེགས་སྐྱེས་འབུལ་གནང་མཛད་པའི་འཐབ་མོ་བ་ལྷན་རྒྱས་ལ་དྲན་གསོ་ཞུ་ས་གནང་གི་ཡོད། ཁོ་བོ་བཙོན་ཁང་འདིར་འགྲེངས་ཏེ། ཨང་རྟགས་466/64པའི་བཙོན་པ་མན་ཌ་ལས་འདི་གར་བསྐྱལ་བའི་ལོ་ཟློ་དེ་དག་ལ་ཕྱིར་དྲན་བྱེད་ཐབས་བགྱིས་པ་ཡིན། སྐབས་དེར་ཁོང་གི་འཐབ་རྩོད་ལ་རྒྱལ་ཁ་འཐོབ་མིན་ནི་ད་རུང་ལྐོག་གྱུར་གྱི་གནས་ཤིག་རེད། ངས་ཀྱང་ལོ་རྒྱུས་ལ་འགྱུར་བ་བཏང་བའི་མི་སྣ་ངོ་མཚར་ཅན་འདི་ཉིད་ཕལ་བའི་མི་ཞིག་ཏུ་རྟོག་པས་སྒྲོ་བཏགས་དགོས་བྱུང་སོང་། སྤྱི་ཚོགས་སྒྱུར་བཅོས་ཀྱི་སླད་དུ་མཛད་རྗེས་བླ་ན་མེད་པ་བཞག་མྱོང་བའི་ཕལ་བའི་མི་སྟེ་མན་ཌ་ལ་ལགས་སོ།

        <<བདག་ཉིད་དང་མོལ་བའི་གཏམ>>(Conversations with Myself)ཞེས་པས་ཕལ་བའི་མི་མན་ཌ་ལ་ལགས་ཀྱི་འཚོ་བའི་འདྲ་རིས་ཤིག་ངེད་ཅག་གི་མིག་མདུན་དུ་འདྲེན་ཞིང་། འདི་ནི་འཛམ་གླིང་མི་དམངས་ཡོངས་རྫོགས་ལ་སྨན་པའི་དོན་བཟང་དཔེ་མེད་ཅིག་རེད། ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་ཉིན་ཐོ་དང་འཕྲིན་ཡིག གཏམ་བཤད་ཟིན་བྲིས།བཅར་འདྲི་དང་འབྲེལ་ཡོད་ཡིག་ཆ་བཅས་བརྒྱུད་དེ། མན་ཌ་ལ་ལགས་ཀྱི་འཆར་ཅན་གྱི་བཙོན་ཁང་གི་འཚོ་བ་ནས་སྲིད་འཛིན་ལ་བདམས་ཐོན་བྱུང་བའི་བར་གྱི་འཚོ་བའི་བརྒྱུད་རིམ་ཡོངས་སུ་རྫོགས་པ་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་དུ་བསྟར་བར་འགྱུར་རོ། དེབ་འདིའི་ནང་ནས་ང་ཚོས་མཐོང་བཏུབ་པ་ནི་མཁས་དབང་ཞིག་དང་ཆབ་སྲིད་མཁན་ཞིག ཁྱིམ་ཚང་ལ་ལར་ཞེན་ཆེ་བའི་སྐྱེས་པ་ཞིག <<རང་དབང་གི་འགྲུལ་བཞུད་རིང་མོ>>བྱ་བའི་རྣམ་ཐར་ཞིག་གི་རྩོམ་པ་པོ་དང་ཕུགས་བསམ་དང་དངོས་ཡོད་ཟུང་འབྲེལ་ལ་གདེང་རྙེད་པའི་དབུ་ཁྲིད་ཅིག་བཅས་ཏེ་ཁོང་ནི་མན་ཌ་ལ་རེད། དེང་འདིར་བརྩམས་ཆོས་འདི་དག་བརྒྱུད་ནས་ངེད་ཅག་གིས་ཁོང་ཉིད་ཀྱིས་རང་དབང་བརྩོད་ལེན་བྱས་པའི་ལམ་ཐག་རིང་མོའི་ཁག་སོ་སོ་དང་ཁོང་གིས་བརྒྱུད་ཅིང་མྱངས་པའི་བར་གེགས་མཐའ་དག་ལ་ཡང་བསྐྱར་ངེས་ཤེས་འདྲོང་བར་བྱུང་།

         དཔེ་ཆའི་ཁྲོད་ཀྱི་ཞིབ་བརྗོད་རྒྱས་པ་བརྒྱུད་ནས། ནལ་སུན་མན་ཌ་ལ་ལགས་ཀྱིས་ངེད་ཅག་ལ་ཁོང་ནི་སྐྱོན་ཀུན་ཟད་དང་ཡོད་ཏན་ཀུན་ལྡན་གྱི་སྐྱེས་བུ་ཞིག་མིན་ཞེས་དྲན་བསྐུལ་གནང་གི་ཡོད། ཕལ་བའི་མི་དང་འདྲ་བར་ཁོང་ལའང་སྐྱོན་ཆ་ཡོད། འོན་ཀྱང་ཏག་ཏག་སྐྱོན་ཆ་འདི་དག་གིས་ངེད་ཅག་ལ་བློ་བསྐྱེད་དང་བསྐུལ་འདེད་གཏོང་གི་ཡོད། དེ་ཡང་ཅི་སྟེ་ང་ཚོས་རང་ཉིད་ལ་བློ་རྩེ་གཅིག་ཏུ་གདོང་གཏད་པ་ཡིན་ན། ཞེད་སྣང་དང་དོགས་འཚེར་ལས་རྣམ་པར་རྒྱལ་བའི་བརྒྱུད་རིམ་གྱི་ཁྲོད་དུ། ངེད་ཅག་ཚང་མར་ཆེ་ཆུང་ལ་མ་བལྟོས་ཤིང་སྒེར་ངོས་སམ་ཆབ་སྲིད་ཀྱི་ཐོག་གི་དཀའ་རྙོག་དང་འཐབ་རྩོད་ལ་འཕྲད་འགྱུར་བར་ཤེས་འོང་གི་རེད། དེབ་འདིས་འཆད་པར་འགྱུར་བའི་མན་ཌ་ལའི་འཚོ་བའི་ཉམས་མྱོང་ནི་ནོར་འཁྲུལ་རྩ་བ་ནས་མི་ཤོར་ལ།ནམ་ནམ་ཞར་ཞར་དུ་རྒྱལ་ཁ་ཁོ་ན་ཐོབ་པའི་མི་ཞིག་གི་ཉམས་མྱོང་མ་ཡིན་ཏེ། རང་ཉིད་ཀྱི་དད་མོས་དེའི་དོན་དུ་ཉེན་ཁའི་གནས་སུ་བགྲོད་པར་འདོད་ཅིང་། འབད་བརྩོན་དོན་དུ་གཉེར་ནས་འཛམ་གླིང་སྔར་ལྷག་ཏུ་མཛེས་པར་བསྒྱུར་བའི་སྐྱེས་བུ་ཞིག་གི་མྱོང་བ་ཡིན་ནོ།

         མདོར་དྲིལ་ན་འདི་ནི་མན་ཌ་ལས་མི་རྣམས་ལ་སྒྲོག་ན་འདོད་པའི་དོན་དག་དེ་ཡིན། ངེད་ཅག་ནི་བལྟས་ཚོད་དུ་འགྱུར་ལྡོག་གཏོང་དཀའ་བར་སྣང་བའི་དུས་རབས་ཤིག་ཏུ་འཚོ་གནས་བྱས་ནས་བསྡད་ཡོད། མི་རྣམས་ཀྱིས་ལོག་ལྟ་དང་རང་ཉིད་ཀྱི་ཞན་ཆ་ལ་ཧ་ཅང་ལས་སླ་བོས་མགོ་སྒུར་ཏེ། དེ་ལས་སྟབས་བདེ་བའི་ལམ་ཁ་ཞིག་འདེམས་པ་ཡིན་ལ། དུས་དེ་ནས་བཟུང་སྟེ་མི་གཞན་ལ་འཁུར་འོས་པའི་འགན་འཁྲི་ལས་བྱོལ་འགྲོ་བ་རེད། མན་ཌ་ལས་ཀྱང་འདི་ལྟ་བུའི་འཚོ་བ་བརྒྱུད་མྱོང་ཡོད། འོན་ཀྱང་ཁོང་ལ་མཚོན་ན། རོ་པན་གླིང་ཕྲན་གྱི་ནང་ལོགས་སུ་ཉི་ཐིགས་གཅིག་ལས་མ་ཕོག་པ་ཡིན་ན་ཡང་། ཁོང་གིས་ནི་སྔར་ལྷག་མཛེས་སྡུག་ལྡན་པའི་མ་འོངས་པ་ཞིག་གམ་བློས་གཏོང་གནང་རིན་ཁྱོག་པའི་མ་འོངས་པ་ཞིག་ལ་རེ་སྒུག་གནང་གི་རེད། དེ་བས་ཤ་འཁོན་གྱི་བསླུ་བྲིད་དང་འཕྲད་པའི་ཚེ་ན། ཁོང་གིས་ཡང་བསྐྱར་ཞི་འདུམ་གྱི་རིན་ཐང་ལ་ངེས་པ་རྙེད་ནས་མཇུག་མཐར་ཁོང་གིས་རྩ་དོན་ནི་དབང་ཤེད་ལས་རྒྱལ་བར་བྱས་པ་རེད། དེ་ལས་ཀྱང་གླེང་བར་རི་བ་ནི། མཐའ་མཇུག་ཏུ་ལྷོད་ལྷོད་བྱས་ཏེ་ངལ་གསོ་གནང་ཆོག་པའི་སྐབས་སུ། ཁོང་གིས་སྔར་བཞིན་རང་ཉིད་ཀྱི་མི་དམངས་ལ་ལེགས་སྐྱེས་འབུལ་བར་ཡར་བསྐུལ་བགྱི་བ་ལས། བློས་བཏང་མཚམས་འཇོག་དེ་སྔ་བྱས་མ་སོང་ལ་ཕྱིན་ཆད་ཀྱང་མི་བགྱིད་འདོད།

         ང་རང་ཨ་རིའི་སྲིད་འཛིན་ལ་འདེམས་བསྐོས་བགྱིས་པའི་སྔ་ཉིན་མར། སྟབས་ལེགས་ནས་མན་ཌ་ལ་ལགས་དང་ཐུག་འཕྲད་ཐེངས་ཤིག་བྱེད་རྒྱུ་བྱུང་། ཨ་རིའི་སྲིད་འཛིན་བྱས་རྗེས་ཁོ་བོས་སྐབས་སྐབས་སུ་ཁོང་ལ་ཁ་པར་གཏོང་གི་ཡོད། འོན་ཀྱང་ཁོ་རང་ནི་དགུང་ལོ་མཐོ་ཞིང་ང་ནི་གཞུང་དོན་ལ་བྲེལ་ཕྱིར། ངེད་གཉིས་ཀྱི་གླེང་མོལ་ཚང་མ་ཧ་ཅང་སྟབས་བདེ་ཡིན། ཡིན་ན་ཡང་གླེང་མོལ་བྱས་པའི་བརྒྱུད་རིམ་གྱི་ཁྲོད་ནས་ཁོང་གི་གཤིས་རྒྱུད་དང་ཁོག་རྒྱ། ཤེས་རབ་བཅས་ནི་ཁོ་བོས་ལན་མང་ཚོར་ཡོང་གི་འདུག བཞེང་སྐྲུན་བྱས་བའི་ཕྱི་ཚུལ་གྱི་ལོ་རྒྱུས་འོག་ཏུ་སྦས་པ་ནི་མི་ཕལ་བ་ཞིག་སྟེ། རེ་བ་སྐེ་ལ་བཏགས་ཤིང་ཞེད་སྣང་རྒྱབ་ལ་བསྐྱུར་བའི་མི་ཚད། བཙོན་འཇུག་གི་ལོ་ཟླས་གཉའ་མ་ཆག་ཅིང་མདུན་སྐྱོད་ཀྱི་གོམ་པར་གཡོ་བ་མེད་པའི་མི་ཕལ་བ་ཞིག་ཡིན་པ་ཁོ་བོས་ཤེས་བྱུང་ལ། དེ་དང་དུས་མཚུངས་སུ། མན་ཌ་ལ་ལྟ་བུའི་མི་སྣ་ངོ་མཚར་ཅན་ཞིག་ལ་མཚོན་ན། ཁོང་ལ་ཆ་རྒྱུས་བགྱིས་ཤིང་ཁོང་ཉིད་ངོ་ཤེས་པར་བྱེད་པ་ནི་ད་གཟོད་ཁོང་ཉིད་ལ་གུས་བཀུར་བགྱི་སྟངས་ཆེས་ཡག་ཤོས་དེ་ཡིན་པའང་ཁོ་བོས་ཤེས་བྱུང་ངོ་།

རྩོམ་ཁུངས། <<བདག་ཉིད་དང་མོལ་བའི་གཏམ>>

ཡོང་ཁུངས་བོད་ནང་གི་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s