__ སྨྱུག་མདའ།
ལོ་མ་སེར་པོ་རྩྭ་སྐྱ་དང་བཅས་རླུང་གིས་འཁུར།།
སྐྱེ་བོ་སྐོར་ཞིག་དྲི་ངན་འཐུལ་ཞིང་ལམ་དུ་ཆས།།
སྨུག་སྤྲིན་བན་བུན་རི་རྩེར་འཁྲུག་སྟེ་ཟ་བ་ན།།
དམངས་ཀྱི་དད་པ་ངུ་ཤུམ་ཁྲོད་དུ་ཚ་བེར་བེར།།
ཁྱེད་ཀྱི་གཤོག་པ་བདེན་པ་ཡིན་ནམ་འགུལ་བར་བྱས།།
བྱིན་རླབས་ཚན་ཁ་རབ་ཏུ་རྣོ་བས་གསར་བརྗེ་སྲུང་།།
ཀུ་རེ་དེ་འདྲ་རྩེད་སྲོལ་ཡོད་ན་སུག་པ་འདར།།
དཀར་འོད་ངོགས་ཀི་ཕོ་བྲང་དེ་འང་ལད་པ་འོ།།
སྲིད་པའི་ཐིག་ལེར་མཚར་པོ་ཡོད་བཞག་སིག་གསིག་འོང་།།
ངལ་གསོའི་སྟེགས་བུ་ཚ་བས་དུབ་ཅིང་དཀྲུག་པ་ན།།
རྣ་བ་རིང་མོ་ཕྱི་ལ་མ་གཏད་ཡིད་ཀ་རྨུག།
འོབས་ཀྱི་འུར་ལངས་སྤྱན་ཆབ་འཆོར་ངེས་དམག་ཏུ་ལུག།
ཧི་མ་ལ་ཡ་དྲུད་པའི་རོལ་སྒྲ་བཏུམ་སྟེ་གྲག།
ཆབ་སྲིད་ལག་པ་འབར་འཕྲོ་ལོགས་ཤིག་ཚག་ཚག་བཅས།།
གུས་ལུགས་རུལ་པོའི་འདབ་མ་གྱོན་ཞིང་གཏིང་ག་དཀྲུག།
རྒྱལ་ཁབ་མེད་པའི་ཡི་གེ་འདི་འོ་ནད་ཀྱིས་གཟིར།།
མི་སྡེའི་ཀླད་པ་བོར་བ་ཚོར་བྱུང་རླངས་པ་འཕྱུར།།
ཕོ་བྲང་འགྲམ་གྱི་ངོ་གདོང་ཕྱེད་ཀ ག་ལེར་མངོན།།
གྲིབ་རིས་སྣ་ཚོགས་འཇའ་རུ་འོང་གྲབས་ཤོག་ཁ་འོ།།
རྨི་ལམ་དགོད་པའི་ཉིན་མཚན་བར་མེད་དེ་རིང་ཧེ།།
༢༠༡༥ ། ༡༠ ། ༡༣ མཚན་མོར་འཕྲལ་དུ་སྦྱར།
བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག