ཨ དོན་ཉི། ༼ཨ་རི།༽
དེ་རིང་ཡང་ནི་མཁའ་དབུགས་ཟ་ཞིང་སྤྲིན་པ་བཏུ་བའི་སེམས་ཀྱི་རྒྱུག་ཤར་ཡར་མར་ཀུན་ལ་གློད་དུས་ཤིག་རེད། །
དེ་རིང་ཡང་ནི་རི་བོ་འགུལ་ཞིང་ས་རྡུལ་ལངས་པའི་དུས་ཀྱི་རྟ་ཁྱུ་རྐང་ཐང་མང་བོས་འཛིན་དུས་ཤིག་རེད།།
དེ་རིང་ཡང་ནི་ལག་པ་རྐྱོང་ཞིང་གངས་རྫ་འབྲི་བའི་བྱ་གག་མང་བོ་གནམ་གྱི་མཐའ་ལ་འཕུར་དུས་ཤིག་རེད། །
དེ་རིང་ཡང་ནི་འཕོ་འགྱུར་སྟོང་གི་འགྲེ་ལྡོག་ངོགས་ནས་དགུན་ཁ་ཆེན་པོ་སྐྱོ་བའི་ལྷུམས་ནས་བསུ་དུས་ཤིག་རེད། །
དེ་རིང་ད་ཚོད་སྙིམ་པར་ལྷུང་བའི་ཉི་མའི་ཟེར་རྒྱ་རྒྱང་ལ་གྱེས་པས་ཁྲུང་ཁྲུང་མང་བོ་འགྲོ་མཚམས་ཡང་རེད། །
དེ་རིང་ད་ཚོད་སྟོན་གྱི་སྒེག་མོས་སོ་འཛུམ་ངོམ་གྱིན་བསླུ་བའི་ལག་བརྡ་ཕྱིར་མིག་ཁྲོད་ནས་གཡུག་པའི་དུས་རེད། །
དེ་རིང་ད་ཚོད་མཚོ་ལ་འཁོར་བའི་ངང་དམར་ངང་ཕྲུག་གཞན་ཡུལ་འགྲིམ་པར་སྔ་གཞུག་རྩོད་པའི་ཟིང་ཆའི་དུས་རེད།
དེ་རིང་ད་ཚོད་བརྗེ་བོ་བརྒྱབ་པའི་ནམ་ཟླ་ཟླུམ་པོའི་འགྱུར་བ་ཀྱ་ཀྱུ་ཐབ་ཐོག་འབར་བའི་ལྕི་བའི་མེ་རེད། །
དེ་རིང་ང་ནི་སློག་པ་སྐྱ་བོ་གཡེང་ཤམ་བྱས་ཏེ་དུད་པ་ཅན་གྱི་སྦྲ་སྒོར་ཁེན་པའི་ཤ་ཤུགས་དལ་བའི་འབྲོག་པར་འཁྲེང་ཡོད། །
དེ་རིང་ང་ནི་གཡག་རྒྱབ་ཞོན་ཏེ་ཐང་ཁུད་འགྲོ་ཞིང་ལུག་ཁྱུ་སྐོར་བའི་རྫ་སྤང་མཚམས་ཀྱི་ཆུ་དང་ཆར་བའི་ནང་ལ་བསྡད་ཡོད། །
དེ་རིང་ང་ནི་རི་རྩེར་འཕུར་བའི་ལོ་མ་དཀར་པོའི་ཤག་སྒྲར་འཇུས་ཏེ་གཡེང་གིན་འཕྱོ་བཞིན་གངས་རི་མང་བོའི་སྟེང་ལ་འགོས་ཡོད། །
དེ་རིང་ང་ནི་སྒ་ཆས་ཧྲད་པའི་རྟ་ཕོ་ཁྱེར་ཏེ་རྒོངས་ཀ་མང་བོར་ཁྱེད་ལ་ཕྲད་པའི་རྣམ་འགྱུར་ཀློང་དུ་བཟི་ནས་བསྣར་ཡོད། །
དེ་རིང་འདི་ལ་སེམས་ཀྱི་མི་དེ་ན་བའི་ཚུལ་གྱིས་ཧ་ཅང་དྲན་ནས་ལ་མོ་མང་བོར་མདུད་པ་བརྒྱབ་ཅིང་བཤིག་དགོས་བྱུང་ཡོད། །
དེ་རིང་འདི་ལ་གློ་བ་འདྲེས་པའི་ཟོག་ཁྱུ་སྐོར་ཞིག་ཆུ་ཁར་དེད་ཅིང་རྫ་ལ་མངགས་ཏེ་ཉེ་མ་རྒྱང་ནས་འཚོ་དགོས་བྱུང་ཡོད། །
དེ་རིང་འདི་ལ་ཚོར་བའི་ཤིང་ལོ་རླུང་བུར་བསྐུར་ཏེ་ལེ་དབར་ཁྲི་ཡི་རི་གཤམ་ཞིག་ལ་ཁངས་སྐྱའི་ཚུལ་དུ་བབ་ན་བསམ་ཡོད། །
དེ་རིང་འདི་ལ་འབྲོག་པ་ང་ཡིས་གླུ་ཞིག་བླང་སྟེ་མཚན་མོའི་ཁྲོད་ནས་ཡུལ་བྱོལ་བྱས་པའི་དྭ་ཕྲུག་མང་བོར་ཡི་གེ་མགར་ཡོད། །
ཕྱག་ཚོད་འདི་ཀོ་མཚན་ཞག་སྟོང་གི་རྒྱུན་ནས་ཤོར་བའི་དབྱངས་ཀྱི་ཐ་གུ་ཆད་ལ་ཉེ་བ་ཡང་བསྐྱར་མཐུད་པའི་འདར་ཡོམ་དེ་རེད། །
ཕྱག་ཚོད་འདི་ཀོ་ཨ་མ་ལགས་ལ་ཁ་པར་མ་བཏང་ལོ་དང་ཟླ་བའི་བཞུར་ཤུགས་དྲག་པོས་བསྟུད་མར་བྱས་པའི་འཁང་ར་ཡང་རེད། །
ཕྱག་ཚོད་འདི་ཀོ་གསེར་མདོག་སྟོན་གྱི་རླང་བུ་ཡང་མོ་ཕྱོགས་ཕྱོགས་ཐོན་ཏེ་བུས་པའི་གདོང་ལ་ག་ལེར་བྱབ་པའི་ཕྱི་དྲོ་ཞིག་རེད། །
ཕྱག་ཚོད་འདི་ཀོ་བརྩེ་བ་སྦྲུམས་པའི་བུ་དང་ཕ་གཉིས་ཕྱི་ལ་འགྲོ་ཞིང་ནང་ལ་ལོག་པའི་སྒྲ་དང་བསེར་བུ་རྐྱང་རྐྱང་རེད་དོ། །
༢༠༡༥ ༡༡ ༡༠
བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག