ཚེ་འབུམ།


༡༽ གནའ་རྒྱའི་ཚེ་ལོ།

           གནའ་རྒྱའི་ཚེ་ལོ་ནི་ཨ་མདོ་ནས་སྐྱེས་པའི་ཕྱུག་པོ་མིང་གྲགས་ཅན་ཞིག་ཡིན། ཁོ་རང་ཚེ་སྟོད་ལ་རྒྱུ་ནོར་ལོངས་སྤྱོད་ནམ་མཁའི་སྐར་ཚོགས་ལྟར་འདུས་ཀྱང་། འཆི་ཁར་མི་རྟག་པའི་རྒྱུ་ནོར་རྣམས་དབྱར་ཟླ་གསུམ་གྱི་མེ་ཏོག་ལྟར་ཡལ་ཞིང་། བུ་དང་མནའ་མ་སོག་ཀྱིས་སྙོར་སྐྱོང་ལེགས་པོ་མ་བྱས་པས་ཁོ་རང་འཇིག་རྟེན་འཁོར་བ་ལ་ཡིད་སྐྱོ་ཞིང་། རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་ཞེས་པར་ངེས་ཤེས་རྙེད་པས་ཕྱི་རབས་པ་ལ་སྨན་ཕྱིར་འཇིག་རྟེན་གྱི་བསླབ་བྱ་མང་བོ་གནང་བ་རེད།

        བསླབ་བྱ་ཡི་བརྗོད་བྱ་གཙོ་ནི་འཇིག་རྟེན་པ་རྣམས་རྒྱུ་ལ་རྔམས་ཤིང་ཆོས་ལ་ཞན་པས་རྒྱུ་ནོར་གྱི་སླད་དུ་མི་དང་མིའི་བར་དུ་རྩོད་གླེང་ཞི་ཐབས་མེད་པ་བྱུང་དང་འབྱུང་མུས་སུ་ཡོད་པ་དང་། རྒྱུའི་ཆེད་དུ་མིའི་རང་བཞིན་བཟང་བོ་དང་མི་ཆོས་ལེགས་པོ་རྣམས་བརླགས་འགྲོ་བས་ན། མིའི་རིན་ཐང་ནི་རྒྱུ་ནོར་ལོངས་སྤྱོད་ཀྱི་ངོ་ན་མེད་པར་སྤྱིར་མིའི་རིགས་ཀྱི་ཡ་རབས་སྲོལ་བཟང་དང་། གཤིས་རྒྱུད། འཇིག་རྟེན་མི་ཆོས་ཤེས་ཤིང་དེ་དོན་དུ་འཁྱོལ་ཐུབ་མིན་གྱི་སྟེང་ན་ཡོད་པ་བསྟན། འཇིག་རྟེན་བསླབ་བྱ་འདི་དང་ཐོག་ནས་ངག་བརྒྱུད་བྱུང་བའི་ཚིག་སྒྲོས་འདྲ་མིན་མང་པོ་བྱུང་བ་དང་། ཨ་མདོ་རུ་དར་ཁྱབ་ཆེ་བས་ཨ་མདོའི་ཁ་སྐད་ཀྱི་སླད་མང་དུ་ཞུགས་ཡོད། འདི་འཇིག་རྟེན་ཁྱིམ་ཚང་གི་དོན་དག་བརྗོད་བྱར་བཟུང་ནས་བརྩམས་པས་བརྗོད་བྱའི་གོ་རིམ་གསལ་ཞིང་། ཁ་སྐད་གཙོ་ཆེ་བར་བཟུང་ནས་བརྩམས་ཡོད་པས་བློ་མཆོག་དམན་ཀུན་གྱིས་གོ་བདེ་བའི་ཁྱད་ཆོས་ཐོན་འདུག  འདི་ལ་བརྗོད་བྱའི་དོན་གྱི་ཁྱབ་རྒྱའི་སྟེང་ནས་རིགས་མི་འདྲ་བ་མང་བོ་ཡོད་པ་གདོན་མི་ཟ་མོད། དམངས་ཁྲོད་དུ་ཅུང་རྒྱུགས་ཆེ་བ་འགའ་སྡུར་ཏེ་དཔྱད་ན་རྨད་དུ་བྱུང་བའི་བརྗོད་བྱ་འདི་དག་འདུས་ཏེ། དང་པོ་མཁས་པ་རྣམས་ལ་གདམས་པའི་ཚུལ་གྱིས་དལ་འབྱོར་གྱི་མི་ལུས་རིན་ཆེན་འདི་རྙེད་དཀའ་བ་བསྟན་པ། གཉིས་པ། བྱིས་པ་ལ་གདམས་པའི་ཚུལ་གྱིས་དཔེ་སྣ་ཚོགས་ཀྱི་སྒོ་ནས་དལ་འབྱོར་འཇིག་སླ་བ་བསྟན་པ། གསུམ་པ། ཕོ་གསར་རྣམས་ལ་འཇིག་རྟེན་མི་ཆོས་བསྟན་པ། བཞི་བ། ལོ་གཞོན་རྣམས་ལ་འཇིག་རྟེན་མི་ཆོས་བསྟན་པ།་ལྔ་བ། བུ་མོ་རྣམས་ལ་འཇིག་རྟེན་མི་ཆོས་བསྟན་པ། དྲུག་པ། བདག་མོ་རྣམས་ལ་འཇིག་རྟེན་མི་ཆོས་བསྟན་པ། བདུན་པ།  མནའ་མ་རྣམས་ལ་འཇིག་རྟེན་མི་ཆོས་བསྟན་པ། བརྒྱད་པ། ལས་རྒྱུ་འབྲས་གསུངས་པའི་སྒོ་ནས་ཚེ་དང་ལོངས་སྤྱོད་མི་རྟག་པར་བསྟན་པ། དགུ་པ། རྒས་པའི་སྡུག་བསྔལ་བསྟན་པ། བཅུ་བ། འཆི་བའི་སྡུག་བསྔལ་བསྟན་པ། བཅུ་གཅིག་པ། ཐམས་ཅད་མི་རྟག་པར་བསྟན་པའི་སྒོ་ནས་སྨོན་ལམ་གྱི་མཇུག་བསྡུས་པ་སྟེ་ཁྱོན་བསྡོམས་དོན་ཆེན་བཅུ་གཅིག་ཏུ་འདུས་པ་ཡིན་ནོ།


༢༽ ཀླུ་འབུམ་མི་རྒོད།

          ཀླུ་འབུམ་མི་རྒོད་ནི་མདོ་སྨད་སྐུ་འབུམ་དོན་པ་ལ་ཚོ་བ་དྲུག་གམ་ཤོག་ཁ་དྲུག་ཡོད་པའི་ནང་གི་ཀླུ་འབུམ་ཚོ་བ་ནས་འཁྲུངས་པའི་གྲྭ་བ་སྟོབས་ལྡན་ཞིག་ཡིན།སྡེ་བ་དེའི་ཉེ་འདབས་ན་ཆུ་མིག་ཧ་ཅང་མང་བོ་ཡོད་པའི་ཆ་ནས་ཀླུ་འབུམ་ཞེས་མིང་ཐོགས།

          འདིའི་འཁྲུངས་འདས་ཀྱི་ལོ་ཚིགས་ངོ་མ་མི་ཤེས་ཀྱང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ལ་རྟོགས་པའི་ཚོད་བརྟག་ཆེད་དུག་དྲངས་པ་ལ་ཀླུ་འབུམ་མི་རྒོད་ཀྱིས་ནན་གྱིས་ཞུས་ཏེ་དུག་སྦྱོང་དུ་བཅུག་པའི་ལོ་རྒྱུས་ཡོད་པས་ཀུན་མཁྱེན་ནི་རབ་བྱུང་བཅུ་གཅིག་པའི་ས་བྱི (སྤྱི་ལོ1648) དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ (1653) ལ་འཁྲུངས་པས་ན། ཀླུ་འབུམ་མི་རྒོད་དུས་སྐབས་དེའི་མི་ཡིན་པས་ཁོ་རང་ནི་རབ་བྱུང་བཅུ་གཅིག་ནས་བཅུ་གཉིས་པའི་བར་གྱི་མི་ཡིན་པ་ཤུན་ཏུ་གསལ།  ཀླུ་འབུམ་མི་རྒོད་ཆུང་དུས་ནས་ལྷ་ལྡན་གྲོང་དུ་ཕེབས་ཤིང་། དེ་ཡང་ངག་རྒྱུན་དུ་ཁོས་ལྷ་སའི་ཇོ་བོ་རིན་པོ་ཆེ་ལ་མཇལ་སྐབས། ས་སྟེང་གི་སྐྱེ་བོ་མ་རུངས་པ་རྣམས་ཟིལ་གྱིས་གནོན་པའི་མི་སྟོབས་ལྡན་ཞིག་ཏུ་གྱུར་བའི་སྨོན་ལམ་བཏབ་པས་མ་འགྱངས་པར་མངོན་འགྱུར་བྱུང་ཟེར།

      ཀླུ་འབུམ་མི་རྒོད་དམངས་ཁྲོད་དུ་གྲགས་སྐད་ཆེ་བ་ནི། ཁོ་རང་སྟོབས་རྩལ་ལ་འགྲན་ཟླ་མེད་པ་ཞིག་ཡིན་པས་རང་གི་སྟོབས་ལ་བརྟེན་ནས་ཁྲིམས་མེད་ལུགས་མེད་ཀྱི་སྐྱེ་བོ་ངན་པ་རྣམས་ཚར་བཅད་ཅིང་། གཉོམ་ཆུང་ལ་རོགས་སྐྱོར་བྱེད་པ། ལྷག་པར་དུ་རི་བོ་དགེ་ལྡན་པའི་དགོན་ཆེན་བཞིའི་ཡ་གྱལ་དཔལ་ལྡན་འབྲས་དཀར་སྤུངས་པའི་དགོན་པ་དང་། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཅས་ནས་རྩལ་རྟགས་བསྟན་པས་ཁོང་གི་སྙན་གྲགས་མདོ་དབུས་ཡོངས་སུ་ཁྱབ་རེད། གཤམ་དུ་དེའི་ཕྱོགས་ཀྱི་གྲགས་ཆེ་བའི་ངག་རྒྱུན་ཞིག་བཀོད་ན།

     ཀླུ་འབུམ་མི་རྒོད་སྟོབས་རྩལ་ཆེ་བ་མ་གཏོགས་གཞུང་ལུགས་སློབ་གཉེར་གྱི་ཕྱོགས་སུ་མི་མཁས་པས་སྒོ་མང་གྲྭ་ཚང་ཀླུ་འབུམ་ཁམས་ཚན་ན་ཁོ་ལ་བཞུགས་གྲལ་མེད། ཉིན་ཞིག་ཁོས་འབྲས་སྤུངས་ཚོགས་འཚོགས་པའི་སྐབས་སུ། རྡོ་ཕ་བོང་གཡག་རོ་ཙམ་གསུམ་ཁྱེར་འོངས་ཏེ་ཚོགས་ཆེན་འདུ་ཁང་གི་སྒོ་གསུམ་བཅད་དེ་ཚོགས་གྲོལ་དུ་མ་བཅུག་པ་ལ། དགེ་བསྐོས་སོགས་ཀྱིས་ཞུ་བ་ཕུལ་བ་ལ་ཁོས་ད་དུང’’ དགེ་བཤེས་ཡོད་ན་འཕུར་ཤོག རྡོབ་རྡོབ་ཡོད་ན་བསློག་ཤོག “ ཅེས་ཏེ་མ་ཉན་པས་ཚང་མས་ཁོ་ལ་སྒོ་མང་གྲྭ་ཚང་དང་ཀླུ་འབུམ་ཁམས་ཚན་ནས་བཞུགས་གྲལ་རེ་སྟེར་རྒྱུའི་ཐག་བཅད་པས་ཁོས་རྡོ་ཕ་བོང་གཡག་རོ་ཙམ་གསུམ་དེ་འབྲས་སྤུངས་སྐོར་ལམ་དུ་བསྐྱལ།
རྗེས་སུ་སྡེ་བ་གཞུང་གིས་ཀླུ་འབུམ་མི་རྒོད་ལ་ཞེ་ས་བྱེད་ཆེད་རྒྱལ་མཚན་ཟིག་བཙུགས། དེར་འབྲས་སྤུངས་དགོན་པའི་གྲྭ་བ་རྣམས་ནས་ཀུ་རེའུ་ཚུལ་གྱིས ’’ ཀླུ་འབུམ་མི་རྒོད་མི་རེད། རྡོ་ཡི་རྒྱལ་མཚན་རྡོ་རེད། མགོ་ལ་རྒྱལ་མཚན་བཙུགས་པ། སྐྱེ་བ་སྔོན་གྱི་ལས་རེད། “ ཅེས་གཞས་བཏང་མྱོང་ཟེར།  ཡང་ཉིན་གཅིག་ཀླུ་འབུམ་མི་རྒོལ་ར་ས་འཕྲུལ་སྣང་གི་ཚོགས་སུ་བཞུགས་སྐབས། གྲྭ་བ་རྣམས་ཀྱིས་ཀླུ་འབུམ་མི་རྒོད་ཀྱི་སྙན་གྲགས་ཐོས་པས་རྩལ་ཞིག་སྟོན་པའི་རེ་བ་ཡང་ཡང་ཞུས་པའི་ཚེ། ཁོས་ལག་གི་རྡོ་མ་མོའི་མཆིན་པ་ཙམ་དེ་ཇོ་ཁང་གི་ཁྱམས་ར་ལ་གཏད་དེ་འཕངས་པ་ན། རྡོ་དེ་ཀ་བའི་གསེང་ལ་འཛུལ་ཞེས་གྲགས། ཡང་ཉིན་གཅིག་ཀླུ་འབུམ་མི་རྒོད་དང་སྔགས་ཕྲུག་ཅིག་མ་འཆམ་པར་འཐབ་པས། ཀླུ་འབུམ་མི་རྒོད་ཀྱིས་ལག་པའི་ཁུ་ཚུར་གཡུགས་ཐེངས་གིས་དེའི་སྔགས་རལ་ས་ལ་གཡུགས། གྱོད་བཤད་སྐབས་ཀླུ་འབུམ་མི་རྒོད་ཀྱིས་གྲིས་བརྒྱབ་པ་མིན་ཚུལ་གྱི་དཔང་དུ་ཁུ་ཚུར་གཅིག་གིས་འདུ་ཁང་གི་དཀྱིལ་ཀར་ཁུང་བུ་དོད་ཙམ་བྱས་པས་ཚང་མས ”ཀླུ་འབུམ་མི་རྒོད་ཀྱི་ཁུ་ཚུར་སྟེང་ན་གྲི་ཡོད” ཅེས་གྲགས།

<<བོད་ཀྱི་ལོ་རྒྱུས་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད>>ལས་བཤུས།

བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

One thought on “དམངས་ཁྲོད་མི་སྣ་གྲགས་ཅན།

  1. གངས་རྡེའུ། ཕྱི་ལོ། ༢༠༡༥ ཟླ། ༡༡ ཚེས། ༢༠ at ༡༡:༤༩ pm

    མནའ་རྒྱའ་ཚེ་ལོ་བཀླགས་ཡིན་ངོ་མ་སྐྱིད་པོ་ཞིག་རེད།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading