གཟུངས་ཕྱུག་སྐྱིད་ཀྱི་སྙན་ངག་གསར་བ་གཉིས།

མུན་པ་ལྟ་བུའི་མཚན་མོ།

གཟུངས་ཕྱུག་སྐྱིད།

ཞོགས་ཉི་སེར་པོ་འདི།
འོད་གྱི་གཤོག་པ་ཞིག་ཡིན་ནམ།
མུན་པའི་ནགས་མ་འདི།
མཆི་མའི་གཞུང་ལམ་ཞིག་ཡིན།
ལམ་བུ་འདི་གཉིས་ལས་ཁྱེད་རང་གང་དུ་ཡོད་དམ།

བྱེ་མའི་ཐང་གི་ཚེ་སྲོག
ཡིད་རྟོན་བྲལ་བའི་འགྱིག་གི་མེ་ཏོག་བཞིན།
སྣང་བའི་ཆུ་རིས་རེ་རེ་དལ་གྱིས་ཡལ་རྗེས།
ཡང་སྙིང་ཅི་ཞིག་ལྷག་ཡོད།
རང་སེམས་ལ་བྲེལ་ཤ་སློང་བའི་རེག་བྱ་ཡོད་ཚད་ལ།
བདག་གིས་ཇི་ལྟར་བྱས་ནས་སྒོ་མོ་རྒྱག་འོས།

རླུང་གི་དཀྱིལ་འཁོར་བརྩེག་མ་ཅན་དག་གིས།
ས་ཆེན་པོའི་མངའ་ཐང་ལ་སུན་པོ་བཟོ་དུས།
སྐར་མའི་ཚོགས་དྲག་ཆས་སུ་སྤྲས་པའི་ནམ་མཁའ་འདི།
ངས་ནམ་ཡང་མཐོང་མི་འདོད་པའི་ངོ་གདོང་ཐེད་པོ་དེའོ།

གདོད་མའི་ངག་རྟ་ཞིག་དཔྱིད་ཀའི་སྦུབས་སུ་མངོན་ཆུང་གིས་བཞད་ཀྱང་།
དབྱངས་རྟ་དྲེད་པོ་དག་གང་སར་རལ་གྲི་བཞིན་གཟེངས་ཡོང་དུས།
སུ་ཞིག་གིས་རྨི་ལམ་ཁྲོད་བྲིས་པའི་དབྱར་ཁ་དེར་
ད་དུང་རྒྱང་ཐག་རིང་ཨང་།
ཁ་སང་གི་ལྷ་ཆེན་ཕེབས་ཤུལ་གྱི་འཇིག་རྟེན་ཧྲིལ་བོ།
དེ་རིང་གི་དམྱལ་ཟངས་ནང་གི་ངུ་འབོད་རུ་གྱུར་པ།
སུ་ཞིག་གི་བྱས་ཉེས་དང་གཏམ་རྒྱུད་ཡིན།

རྩེད་ར་ལྟ་བུའི་མི་ཡུལ་ན།
ཚེ་སྲོག་ལ་ཀུ་རེ་བྱེད་མཁན་ཇི་འདྲའི་མང་ཨང་།
རེ་རེ་ལ་ཚང་རྩིས་རེ་བྱས་ན།
ད་ནི་མུན་ནག་གི་ཁམས་ཆེན་པོ་ཡ།
ང་ཡི་མིག་ཟུང་གཏན་དུ་བཙུམ་ཆོག་པར་ཞུ།
འཇགས་སུ་མེད་པའི་སྙིང་གི་ཚ་དྲོད་དང་སྐད་ཆའི་ལང་ཚོ་དང་ལྷན་དུ།
ལྕི་དྲག་པའི་བསམ་གཞིགས་ཀྱི་གཏིང་རུམ་ནས་བཙུམ་འདོད།

༢༠༡༥ ༡༡ ༡༧ཉིན།


ཉི་འོད་འཚོལ་བའི་ཞོགས་པ།

འོད་ཀྱི་གཤོག་ཟུང་གིས་ནམ་མཁའ་གོས་སུ་གྱོན་ཞིང་།
ཆར་ཟིམ་གྱི་སྣང་བས་ཞོགས་པའི་སྨོན་འདུན་བསྲིང་ཡོང་དུས།
བདག་གིས་དུས་བཞིའི་ཁྲོད་ཀྱི་དབྱར་ཁ་དེའི་ལྗང་མདོག་བཙལ་བཞིན་ཁྱེད་ལ་ཅེར་ཡོད།

ཉི་འོད་རི་རྩེར་འཁྱུད་པའི་ཞོགས་པ་འདི།
འོད་ཀྲིག་ཀྲིག་གི་འཛུམ་མདངས་སུ་བསྙལ་ནས།
ལོ་ཟླའི་ཕྲེང་རྡོག་རེ་རེ་སྐུད་ཐག་ལ་བརྒྱུས་རྗེས།
གླེང་འཕྲོར་ལུས་པའི་གཏམ་རྒྱུད་འདི་སུ་ལ་འཆད་འོས།

འདི་ལྟར་ཚེ་སྲོག་གི་བརྩེ་འདང་ཡོད་ཚད་ཉི་འོད་ལ་བཅོལ་བཞིན།
ནས་འབྲུས་གཏམས་པའི་གསེར་མདོག་གི་སྟོན་ཁ་འཐུ་བཞིན།
ང་རང་ནམ་ཡང་ཁྱེད་ཕྱོགས་སུ་ལོག་འདོད།
རྨི་ལམ་དང་རེ་སྨོན་ཡོད་ཚད་རྡོག་ཁྲེས་སུ་ཁུར་བཞིན།
མཇུག་མཐའི་གནས་མལ་ཞིག་རྨི་ལམ་ལ་གྱོན་ཏེ།
མཚར་སྡུག་གི་ཞོགས་པ་འདི་སུ་ཞིག་གི་ལེགས་སྐྱེས་སུ་ཕུལ་འདོད།

༢༠༡༥ ། ༡༡། ༡༨ མཚན་མོར།

བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

1 Comment on གཟུངས་ཕྱུག་སྐྱིད་ཀྱི་སྙན་ངག་གསར་བ་གཉིས།

  1. གངས་རྡེའུ། // 11/23/2015 at 12:09 pm // Reply

    བཀླགས་ཡོད། ཡག་པོ་བྲིས་འདུག

    Like

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s