སྙན་ངག་རྐང་བཞི་མ།
ཙོང་ཁ་ཚེ་བརྟན་རྒྱལ།
ས་རུབ་པའི་དེར མུན་པའི་ཚོགས།
ས་རུབ་པའི་དེར ཟླ་བ་རྫི་བོ་བཞིན།
ས་རུབ་པའི་དེར མཐོང་ལམ་གྱི་སྐར་མ་ཟ་ཟི།
ས་རུབ་པའི་དེར དྲན་ཡུལ་གྱི་མིག་ཆུ་ཐར་ཐོར།
ས་རུབ་པའི་དེར ལམ་གྱི་ཁ་ཕྱོགས་ཀྱག་ཀྱོག་ཏུ་གྱུར།
ས་རུབ་པའི་དེར ལམ་གྱི་གྲུ་ཁ་སྟོང་འཇགས་སུ་བསྐྱིལ།
ས་རུབ་པའི་དེར ཟླ་བ་རྫི་བོ་བཞིན།
ས་རུབ་པའི་དེར མུན་པའི་ཚོགས།
ས་རུབ་པའི་དེར ལས་དབང་ནི་གྲུ་ཟུར་ཞིག
ས་རུབ་པའི་དེར སེམས་པ་ནི་རླུང་འཚུབ་ཅིག
ས་རུབ་པའི་དེར རྒྱང་ལྟ་རེ་ན་རྒོད་པོ་འཁོར།
ས་རུབ་པའི་དེར ཕྱིར་དྲན་རེ་ན་ཉི་མ་རེ་བཞུད།
ས་རུབ་པའི་དེར མུན་པའི་ཚོགས།
ས་རུབ་པའི་དེར ཟླ་བ་རྫི་བོ་བཞིན།
༡༩༩༨ ། ༩ ། ༢༠ གཙང་ཤར་ཁམ་བུ།
ཤར་ཁམ་བུ་སོང་མ་ཚར་ཞིང་། ཁྲག་དམར་དང་རྔུལ་ཆུ་བཞུར་མ་ཚར་ཞེས་སེམས་ཚོར་བཀོད་འདུག དེ་དུས་ཀྱི་མི་ཚེ་ཕྱིར་འདང་ལ་ལོག་ན། དངོས་གནས་སྐྱོ་སྐྱོ་འདྲ། ཡང་ཕྱི་མིག་ཅིག་གིས་གྲོགས་མཆོག་མའམ་སྙན་ངག་མ་གཟུངས་ཕྱུག་སྐྱིད་ཀྱིས་སྐབས་དེར་ངས་བྲིས་པའི་བོར་ཟིན་པའི་སེམས་ཚོར་སུམ་ཅུ་ལྷག་བདག་ཏུ་གཉེར་ནས་ང་ལ་བསྐུར་བྱུང་པ་བརྗེད་ག་ལ་ཕོད།
གྲོགས་མོ་ཚེ་རིང་།
ངེད་དྲ་ཚིགས།