བདའ་ཚང་།    འཕེལ་རྒྱས།

འགྲོ་རྣམས་སྡུག་བསྔལ་སེལ་སླད་བགྲང་ཡས་སྔོན་ནས་ཐུགས་བསྐྱེད་དམ་བཅས་པའི།།


པད་དཀར་འཆང་ཉིད་མི་ཡི་གར་བྱོན་སྣ་ཚོགས་སྤྲུལ་བ་མཐའ་ཡས་པ།།

ཁ་བ་རུ་བའི་གཞིས་ཁྱིམ་འདི་རུ་གདུལ་བྱའི་སྣང་ངོར་གྲུབ་པའི་གཟུགས།།

རྒྱལ་བ་དབང་བོའི་སྐུ་ཡི་ཕྲེང་བརྒྱུད་མ་ལུས་འགྲོ་བའི་ཕྱག་གི་ཡུལ།།

ཁྱོད་སྐུ་མེ་ཏོག་བཅུད་ཀྱི་དྭངས་མ་ཨ་མདོའི་མདོ་སྨད་ལྗོངས་སུ་བལྟམས།།

ཞབས་ཟུང་གསེར་གྱི་འཁོར་ལོའི་གོམ་ཁ་རྒྱང་རིང་འཕགས་པའི་ཡུལ་ལ་གཏད།།

མི་རིགས་ཤིག་གི་བདེ་སྡུག་མིན་ན་རྒྱུས་མེད་ས་མཐར་ཕེབས་དོན་ཅི།།

ཧ་ཅང་མི་བཟོད་སེམས་ཀྱི་སྐྱོ་བ་བོད་མི་རེ་རེ་སེམས་ན་གསལ།།

ཁྱོད་དང་བྲལ་བའི་ལོ་ཟླའི་བར་ནས་དྲན་པའི་མིག་ཆུ་གདོང་ལ་བསུས།།

གདོང་ལྔས་བཏེགས་པའི་གསེར་ཁྲི་མཐོང་བས་དད་སེམས་སྤུ་ལོང་རབ་ཏུ་རྒྱས།།

ཁྱོད་སྐུ་ཕྲེང་བརྒྱུད་མཛད་རྗེས་དཀར་བོ་ཁ་བའི་ཡུལ་ན་དྭངས་ཤིང་གསལ།།

ཁྱོད་ཉིད་མཇལ་འདོད་རེ་བའི་འདུན་པ་འགོག་མེད་རྒྱང་རིང་ཡུལ་ལ་ཕྱོགས།།

རི་མཐོ་ས་གཙང་འཛད་མེད་གཏེར་ཁ་ཀླ་ཀློའི་སྲེད་པས་བདགས་པར་བཞེས།།

སྐྱེས་ཆེན་གང་མང་གཅེས་སྲོག་དམར་བོ་ཕངས་མེད་ལྔ་ལམ་ཡུལ་ལ་བརྫངས།།


ཉི་མ་ལྷ་སའི་བར་གསེང་རེ་ན་གཏུམ་དྲག་དམག་གི་རྫིག་ཉམས་འདུར།།

མཐོང་བ་ཙམ་གྱིས་ཡིད་སེམས་སྐྱ་མོ་ཐང་ལ་མི་ལྷུང་རང་དབང་བྲལ།།

བཟོ་བཀོད་ཁྱད་མཚར་སྦྲ་ནག་གཞིས་ཁྱིམ་སོ་ཕག་ཁང་བཟང་གཤིས་སུ་བསྒྱུར།།

སྤྱི་མཐུན་དྭངས་གཙང་སྔོན་མོའི་ཁོར་ཡུག་སྲ་འཐས་རྣོ་སྐུད་དྲ་བས་སྦྲེལ།།


ངང་རྒྱུད་ལེགས་པོ་བལ་ལས་འཇམ་པའི་མི་རིགས་གྲུང་བོ་འགྱུར་བཞིན་གདའ།།

བསམ་གྱིན་བསམ་གྱིན་དེད་དཔོན་དམ་པའི་ཞལ་གསུང་དྲོན་མོ་ཡིད་ལ་གཅགས།།

གཡང་གཟར་སྤོ་ལ་རབ་ཏུ་འགྱིང་བའི་གྲུ་འཛིན་རི་བོའི་མདུན་དཀྱིལ་ནས།།

ལམ་ལམ་འཚེར་བའི་རྒྱ་ཕིབས་མངོན་དུས་མགོ་ཡི་ཞྭ་མོ་ཐང་ལ་རེག།

དུས་འགྱུར་འཁྲུག་པས་ཇི་ལྟར་གཙེས་གྱང་གཡོ་མེད་གཞན་གྱི་པང་ན་བརྗིད།།

ཕམ་ཉེས་བཏེགས་པའི་གཡུལ་འགྱེད་རིང་མོ་དྲན་ན་གཏམ་རྒྱུད་ཡིད་ལས་འགོངས།།

མི་བུ་ཞིག་གི་སེམས་ལས་བརྡོལ་བའི་རིགས་ལ་དུང་བའི་འཁྲང་ཞེན་ཡིན།།

རྒྱང་རིང་བླ་མར་མྱུར་ཏུ་མཇལ་བའི་ཡལ་མེད་དམ་བཅའ་བརྟན་པོ་ཡིན།།

གཞིས་བྱེས་འཛོམས་པའི་བགོ་སྐལ་ཞིག་ལ་རེ་བའི་ལྷག་བསམ་དྭངས་མ་ཡིན།།

བསམ་གཞིགས་བརྩེགས་མའི་གཏིང་ནས་འཕོས་བའི་འཕྲིན་འདི་ཉག་ཕྲན་ལྟོང་ལས་ཤོར།།

༢༠༡༤་༨་༥ཉིན།

བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading