དྲན་པའི་གླུ་ཆུང་།


ཁ་སྒང་གཡང་འབུམ་ཚེ་རིང་།

མི་ཚེའི་ཕུགས་འདུན་སྙེག་པའི་ལམ་མདོ་ནས།།
ལས་འཕྲོ་མདུད་པས་བསྡུས་པའི་མཇལ་འཛོམས་ཤིག།
བརྩེ་བའི་རྒྱལ་ཁམས་སྙེག་པའི་ཐུ་འོག་ན།།
དུང་བའི་འདབ་བརྒྱ་གྲོལ་བའི་མཛེས་སྡུག་འཁྱིལ།།

སྒེག་མཛེས་བཞིན་གྱིས་མིག་གི་བརྟན་པ་ཕྲོགས།།
ལྷད་མེད་སེམས་པས་ཡིད་ཀྱི་གཞུང་ཤིང་བསྒུལ།།
དམར་ཆུང་སྙིང་གིས་བཞེངས་པའི་བརྩེ་དུང་འདི།།
ཁྱོད་དང་ང་ཡི་མི་ཚེའི་བདེ་སྐྱིད་ཡིན།

ཁྱེད་ཀྱི་བརྩེ་བ་དྭངས་གཙང་མཚོ་མོ་ཡིན།།
བདག་གི་དུང་བ་འགྱུར་མེད་རྡོ་རྗེ་བྲག།
ཅུང་ཟད་ཙམ་ལ་བྲལ་བའི་གདུང་བ་ཡང་།།
བསྲོན་དུ་མི་ཚུགས་སྙིང་གི་གཅེས་ལོ་ལགས།།

ཟླ་བ་ངུ་བའི་མཆི་མ་རྒྱ་མཚོར་འཁྱིལ།།
ཉི་མ་བཤུམ་པའི་ངུ་སྒྲས་གནམ་ས་འགེངས།།
རེ་སྒུག་མིག་ཟུང་བསྐམས་པའི་སྐྱོ་སྣང་འདི།།
དེ་རིང་བདག་ལ་བཅད་པའི་ཞལ་ལྕེ་ཉིད།།

གནམ་གྱི་དགུ་ཚིགས་སྐྱ་མོ་མཐོང་ཐེངས་རེར།།
གླང་རྫི་འཐག་མོར་བྲལ་བའི་གདུང་བ་ཚོར།།
སྐར་མདའ་ས་རུ་ཟགས་པའི་སྐྱོ་གར་དེ།།
འཐག་མོའི་མིག་ཆུ་སེམས་ལ་ལྷུང་ཚུལ་ཡིན།།

དྲན་བཞིན་དྲན་བཞིན་ན་ཟུག་ཆེ་རུ་གྱུར།།
སྐྱོ་བཞིན་སྐྱོ་བཞིན་སྨྲེ་ངག་མཐོ་རུ་ཕྱིན།།
ངུ་བཞིན་ངུ་བཞིན་བླངས་པའི་གཞས་ཆུང་འདི།།
སྙིང་གི་དམར་ཆུང་དྲན་པའི་བརྡ་ལན་ཡིན།།

༢༠༡༥/༡༡/༣༠

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google photo

You are commenting using your Google account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s