__ སྨྱུག་མདའ།

སང་ཉིན་རེ་རེ་ལྷོད་ཀྱིན་ལྷོད་ཀྱིན།།
ཉིན་ཞག་རེ་རེ་ཟད་བཞིན་ཟད་བཞིན།།
གསལ་ལ་མི་གསལ་ཐལ་སྒྲ་ཐར་འཐོར།།
མཚན་ལྗོངས་ཤིག་གི་མེ་རི་ཡིན་བཞག།

དེ་རིང་ནམ་ཟླ་འདར་མ་འདར་ཞིག།
ཀི་སྒྲ་རྒོད་པོས་ས་གཞི་བཅུམས་ཏེ།།
གནམ་འོག་འགྲོ་བ་ཞིང་ཞིག་བསྟན་པ།།
ཟང་ཟིང་ཞེས་པའི་མི་ཡུལ་རེད་བཞག།

ཟླ་འོད་ཕོག་པའི་གསེར་ཏོག་ཤ་ཚ།།
ཞི་བ་སྲུང་བའི་རིག་གནས་ཤིག་གམ།།
རི་དྭགས་ཕོ་མོའི་མཆུ་རྣོན་དེ་འང་།།
ཚོགས་པ་ཞིག་གི་བརྡ་རྟགས་རེད་བཞག།

ལག་ཟུང་རྐང་ཟུང་ཡུག་ཡུག་ལྡིང་བ།།
སྨྱོས་འདྲ་དྲག་འདྲ་མཆོད་ཁང་འཁྲུག་པོ།།
འཚང་ཀ་ངར་ངར་ཡོད་སྟངས་འདི་འོ།།
གནའ་བོའི་རིག་པས་དཀྲོགས་པ་རེད་བཞག།

ཚོན་ཁ་དམར་པོ་སེར་ཐིག་བརླིང་པོ།།
ཚེ་ཡི་ཐོབ་སྐལ་ཤན་པར་ངེས་སོ།།
རྗེ་བོའི་ཡིག་ཚང་སེམས་ལ་ཤོང་ངམ།།
ཉམས་འགྱུར་སྐོར་ཞིག་བྲང་ལ་འབྱར་ཡོང་།།

དགའ་བ་ཐེངས་ཤིག་ཕྱིར་མིག་འཐེན་པ།།
ཕྱག་དཔེའི་འགུལ་སྐྱོད་ཞེ་ལ་བསླངས་འོང་།།
ཤ་དྲི་འཐུལ་བའི་ཆོས་སྐད་གཡར་མ།།
རྗེ་བོ་འབོད་པར་ཨེན་ཙམ་སྐྲག་བཞག།

རི་བྲག་མཐོ་པོའི་ངོས་ཤིག་བསམ་ན།།
སྙིང་ཀ་བརླན་པའི་བྱིན་རླབས་ཐིམ་མོད།།
གློག་སྒྲོན་མོག་པོས་མཛེས་རིས་བཀྲུས་པ།།
དོ་ནུབ་འུར་གྱི་ཉམས་ཤིག་རེད་བཞག།

༢༠༡༥ ། ༡༡ ། ༢༩ མཚན་མོར་དགའ་ལྡན་དགོན་དུ་སྦྱར།

བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading