དེབ་གསར་མགྲོན་བརྡ།


བཏང་སྙོམས་པ
བརྒྱ་ཡར་འགྲོ་དང་སྟོང་ཕྱིར་འོང་གི་མིག་བཤེར་བ
<<ལམ་ཟུར་གྱི་མེ་ཏོག>>སྒོར་འབུད་རན་ཡོད།

རྟོག་ཞིབ་པ
མིག་ཆུ་དང་དགོད་སྒྲ
དཀའ་སྡུག་དང་རྔུལ་ཆུ
ཁྲག་དོག་དང་འགྲན་སེམས་ཀྱི་ཀློང་ནས
སྐྱེས་ཤིང་དར་བའི་<<ལམ་ཟུར་གྱི་མེ་ཏོག>>སྒོར་འབུད་རན་ཡོད།

སྲོལ་འཛིན་པ
གཏན་ཚིག་གི་རྩ་བ་རིང་ལ
བརྡ་སྤྲོད་ཀྱི་འདབ་བརྒྱ་གྲོལ་བའི
སྙན་འཇེབས་ཀྱི་གེ་སར་རྒོད་པའི
སྙིང་ཁང་ན་མཛེས་པའི་<<ལམ་ཟུར་གྱི་མེ་ཏོག>>སྒོར་འབུད་རན་ཡོད།

སྒྱུ་རྩལ་བ
མཚོན་བྱེད་ཀྱི་ཐབས་དང
སྒྱུ་རྩལ་གྱི་ཉམས་
བརྗོད་བྱེད་ཀྱི་ཚིག་གི་རྒྱན་གོས་བཀླུབས་པའི
<<ལམ་ཟུར་གྱི་མེ་ཏོག>>སྒོར་འབུད་རན་ཡོད།

སྙན་ངག་པ
དུས་རབས་ཀྱི་རོལ་དབྱངས་དཀྲོལ་ཞོར
མི་རིགས་ཀྱི་ཞབས་བྲོ་འཁྲབ་ནས
སྙན་ངག་གི་ཕྱུག་གླུ་ལེན་གྱིན
འཛུམ་དམུལ་དམུལ་ངང་<<ལམ་ཟུར་གྱི་མེ་ཏོག>>སྒོར་འབུད་རན་ཡོད།

༢༠༡༥ ། ༡༢ ། ༠༡ སྨྱུག་ཐོགས་པ་རྫ་མེ་སྟག་འབོད་མཁན་དེས་རིས་གཟའ་མིག་དམར་ཉིན་བྲིས།


རྩོམ་པ་པོ་ངོ་སྤྲོད།

         དངོས་མིང་ལ་ཆོས་རྒྱལ་ཡོན་ཏན་དང་སྨྱུག་མིང་ལ་རྫ་མེ་སྟག་ནི་སྤྱི་ལོ་ ༡༩༩༥ ལོའི་དཔྱིད་དུས་ཤིག་ཏུ་ཁུ་བྱུག་སྔོན་མོའི་མགྲིན་དབྱངས་དང་ལྷན། རྫ་ཆུ་སྔོན་མོའི་གཡས་ཟུར་ཞིག་ན་སྦྲ་ནག་གྲུ་བཞིའི་མཆན་འོག་ཏུ་ཆེས་ཐོག་མའི་ངུ་ངག་གངས་ལྗོངས་སུ་བསྒྲགས། དུས་དེ་ནས་བཟུང་སྟེ་དྲིན་ཅན་མ་ལོའི་དྲོད་འཇམ་གྱི་པང་ཁུག་ནས་ཞིམ་མངར་ནུ་འོའི་རོ་བཅུད་ཀྱིས་ན་ཆུང་བྱིས་པའི་གཉོམ་ལག་ཡོངས་སུ་རྒྱས།

           ལོ་ན་བརྒྱད་ཀྱི་དུས་ནས་འདོ་རིག་རྟ་ཕོའི་འཚེར་སྐད་དང་གཡང་དཀར་ལུག་གི་འབའ་སྒྲ། ད་དུང་ནག་ཆུང་ནོར་གྱི་ངུར་སྐད་དང་ལྷན་དུ་ཡངས་བའི་རྩྭ་ཐང་དང་མཐོ་བའི་རྫ་མགོ་སོགས་ནས་མེ་ཏོག་སེར་ཆེན་གྱི་འཛུམ་ཞལ་དང་ལྷན་དུ་བྱིས་དུས་ཀྱི་མི་ཚེ་འབྲོག་ཁྱིམ་ནས་རྫོགས།

         དུས་རབས་དང་ལས་དབང་གིས་བཀོད་སྒྲིག་འོག་ནས་ངོ་མཚར་ཆེ་ཞིང་དགའ་སྐྱིད་བག་ཕེབས་ལྡན་པའི་སྔར་ཡོད་ཀྱི་དུས་བཟང་དེ་ཕར་ལ་བསྐྱལ་ཞིང་སྐྱོ་གདུང་དང་ཟུག་གཟེར་གྱིས་ཁེངས་པའི་ལོ་ཟླ་ནག་པོ་དེ་རིམ་བཞིན་ཚུར་ལ་བསུས། དེ་ལྟར་མཛེས་པའི་ཁྱིམ་གཞིས་རྒྱང་ན་བཞག་ནས་རྒྱུས་མེད་མི་ཡུལ་གྱི་ས་མཐའ་རིིང་མོར་གོམ་པའི་གདེང་ཀ་ཐོག་མར་བཙུགས། དེ་ནས་ལས་དབང་མགྲོན་པོའི་དགའ་བསུའི་ཐལ་སྒྲ་ལས་ཡིད་འོང་སུ་ཇའི་ཕོ་བྲང་ཡུལ་དུ་བསྐྱལ། ཤེས་རིག་གི་ལྡུམ་རྭའི་ནང་རང་དང་མཉམ་པའི་གསར་སྐྱེས་ཀྱི་ལྗང་མྱུག་དག་དང་ལྷན་དུ་སྐད་རིག་དང་ཚན་རྩལ་སོགས་ཀྱི་དྲོད་གཤེར་ལོངས་སུ་སྤྱོད།

         ཞོར་ལ་སློབ་གྲྭའི་དུས་དེབ་<<གངས་ལྗོངས་མྱུ་གུ>>འི་རྩོམ་སྒྲིག་པ་དང་<<གངས་ཟླ >>ཚགས་ཤོག་གི་རྩོམ་སྒྲིག་ལས་རོགས། གཞན་ཡང་བགྲང་བྱ་འགའ་ཡི་རིང་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་དང་རྩོམ་རིག་གི་གར་སྟེགས་སྒང་ནས་རྣམ་དཔྱོད་དང་འགྲན་རྩོད་ཀྱི་ཨང་རིམ་དང་པོ་དང་གཉིས་པ་སོགས་ཀྱི་ཞབས་བྲོ་འཁྲབ་པ་ཉུང་ཉུང་མིན།

         རྗེས་སུ་ཕུགས་བསམ་གྱི་དམ་བཅའ་ཞིག་མདུན་དུ་བསུ་བཞིན་སྲོལ་རྒྱུན་དང་དེང་རབས་ཀྱི་ཁ་དབུགས་ཤིན་ཏུ་གཙང་བའི་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་ལ་སྟ་གོན་གྱི་གོ་བསྐལ་ཐོབ། ད་ལྟའི་ཆར་སློབ་ཞོར་དུ་གཙུག་ལག་སློབ་ཁང་གི་དུས་དེབ་<<སྤྱི་ཚོགས་སྣང་བརྙན་ >>གྱི་རྩོམ་སྒྲིག་པ་དང་སེམས་ངོགས་ཀྱི་ཚོར་རླབས་གཤའ་མ་དག་དབྱངས་གསལ་སོ་བཞིའི་སྟར་འཕྲེང་ལམ་ནས་སྤྱི་ཚོགས་ཀྱི་སྤྱན་སྔ་རུ་རྩོམ་རིག་ཐན་ཐུན་རེ་འབྲི་བཞིན་མཆིས།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s