མི་ལ་ཙི་ཙི།

         ཉེ་བའི་ཆར་རྒྱ་རིགས་འཁྲབ་སྟོན་པ་ཀྲང་ཐེ་ལེན་ཟེར་བ་དེ། རྒྱ་སྒྱུ་མ་མཁན་གྱིས་མིག་འཕྲུལ་སྟོན་པ་ལྟར་ཉིན་གཅིག་གི་རིང་ལ༼རིན་པོ་ཆེར༽གྱུར་སོང་བའི་དོན་རྟགས་འདིའི་ཐད་ལ། རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དྲ་རྒྱ་བརྒྱུད་དེ་ཁ་རྡུང་བག་ཚ་མེད་པ་གཏོང་གིན་འདུག དེའི་རྣམ་པ་ནི་དོན་མེད་ཤ་འཁོན་གྱིས་བརྟས་པའི་དམར་སྲུང་དམག་གི་གདོལ་སྤྱོད་དང་འདྲ་ཞེས་སྨྲས་ན་ཅུང་ཐལ་ཙམ་རེད།

          དེ་ལ་ཡང་ཁག་ག་ལ་ཡོད། ཡུན་རིང་སྡུག་ཡུས་ཞུ་ས་མེད་པའི་མི་རྣམས་ནམ་རྒྱུན་སྲན་མ་མ་ཆོད་ཚེ་ནས་ཀྱི་སྟེང་དུ་རྒྱུག་པ་ཡང་དཔེ་རེད། འོན་ཀྱང༼བྱ་རོག་སོར་རྟོག་གི་དཔེ༽ཞེས་པ་ཞིག་འདུག་པ་འདི་ལ་འཕྲོད་སྙམ། གྲོགས་པོས་ཁ་སྔོན་བཤད་ན་དེ་ནི་གནའ་བོའི་རྒྱ་གར་གྱི་ཕྱི་ནང་གྲུབ་མཐའ་གཉིས་རྩོད་སྐབས་བསྟན་བཅོས་ལ་རིན་ཐང་ཡོད་མེད་ཀྱི་ཚད་འཇལ་དུ་བཏོན་པ་ཞིག་རེད་ལ། དོན་དུ་བྱ་རོག་ལ་སོ་ཡོད་མེད་རྩོད་པ་སྟེ་དོན་མེད་ཀྱི་རྩོད་པར་གོ་བ་ཡིན་ཟེར། འདི་ལ་རྒྱ་ཡི་གོ་བ་ལེན་སྟངས་ལྟར་ན་ལུའུ་ཞིན་གྱིས་བཤད་པའི། མེ་མདའ་དེ་སུས་ལག་ཏུ་བཟུང་སྟེ་སུ་ཞིག་བསད་སོང་བ་བརྟག་རྒྱུ་བསྐྱུར་ཏེ། ཏག་ཏག་མེ་མདའ་དེར་འོད་ཡོད་མེད་ལ་རྩད་བསྡུར་བྱེད་ཟེར་བ་དེ་དང་། འུ་ཚོ་བོད་ཀྱིས་བཤད་ན་འདྲེ་ཤར་ན་ཡོད་པ་མ་མཐོང་བར་གཏོ་ནུབ་ལ་འཕེན་ཟེར་བ་དེ་དང་འདྲ། ངས་བཤད་འདོད་པ་ནི། འོ་ན་ད་སྐབས་ཀྱི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་ཡང་རིན་པོ་ཆེ་རྫུན་མ་ཡིན་པར་ཐལ། ཀྲང་ཐེ་ལེན་གྱི་དཔེ་རུ་འགྲོ་བའི་ཕྱིར། དེ་ལྟར་བཤད་ན་སྐྲག་ནི་ཞིག་རེད། འོན་ཀྱང་གནས་ལུགས་འདི་རེད།

             དེ་བས་ངས་བལྟས་ན་ཀྲང་ཐེ་ལེན་རིན་པོ་ཆེ་ཡིན་པས་མི་ཚད་རྒྱལ་ཁབ་ཀྱི་སྲིད་ཁྲིམས་ཆོས་ཁྲིམས་གཉིས་དང་མཐུན་པའི་རིན་པོ་ཆེ་ཞིག་རེད། ཅིའི་ཕྱིར་ཞེ་ན། གཟི་བརྗིད་ཀྱི་ཆོ་ལོ་དེ་སྩོལ་མཁན་ནི་ཏག་ཏག་ཞང་ཀང་ནང་བསྟན་མཐུན་ཚོགས་སོགས་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཁོངས་གཏོགས་ལས་ཁུངས་གཙོ་ཆེ་ཤོས་དག་རེད། དེ་ལ་ནོར་བ་ཡོད་དམ། གལ་ཆེ་ཤོས་ནི་བོད་ཀྱིས་རིན་པོ་ཆེ་ཟེར་བ་དེ་དང་རྒྱས་རིན་པོ་ཆེ་ཟེར་བ་དེ་གཉིས་ནི་མཚན་ཉིད་ཐ་དད་པ་གཉིས་ཀྱིས་གྲུབ་པ་དེ་རེད། ཅིག་ཤོས་ཀྱིས་འཇིག་རྟེན་ལོངས་སྤྱོད་གཙོར་འཛིན་ལ་ཅིག་ཤོས་ཀྱིས་བསམ་བློའི་ལོངས་སྤྱོད་གཙོར་འཛིན། དེ་གཉིས་གང་བདེན་པ་བཅོམ་ལྡན་འདས་ཀྱི་མདུན་དུ་མ་སོང་ན་སུ་ཞིག་གིས་ཁ་ཚོན་གཅད་ཐུབ། ཁ་ཚོན་གཅད་ཐུབ་རུང་གཅོད་ཆོག་གམ། འདི་གོ་ཚེ་འུ་ཚོ་ངར་ལངས་དགོས་དོན་མེད་པ་འདྲ། ཡང་དེ་རིང་བོད་ཀྱི་རིན་པོ་ཆེ་ལས་རྒྱ་ཡི་རིན་པོ་ཆེ་ཡི་བསྟན་པ་འགྲོ་རྒྱུག་ཆེ་བས། བོད་ཀྱི་བླ་རྫུན་གྲྭ་གཟུགས་གླགས་འཚོལ་པ་ཚོ་ཡང་སྐྱག་དྲིའི་རྗེས་སུ་འཕུར་བའི་སྦྲང་ནག་ཇི་བཞིན་ཁྱུ་དང་ཁྱུ་བྱས་ཏེ་དམར་ལྷབ་ལྷབ་ནང་ལོགས་ས་ཆའི་གདུལ་བྱ་སྐྱོང་དུ་ཞོགས་དང་ཞོགས་མུས་སུ་མཆིས་པ་འདི་མིན་ནམ།

            ལོ་འདི་གཉིས་ཀྱི་རིང་ལ། རྒྱལ་ཁབ་ཀྱིས་ཆེས་མཐོའི་མགྲིན་ངག་བརྒྱུད་དེ། ནང་བསྟན་ཆོས་ལུགས་ཟེར་བ་མི་དམངས་མང་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་གཙོ་བོར་འགྱུར་དགོས་རབས། སྤྱི་ཚོགས་ཀྱི་རིན་ཐང་ལྟ་བར་གཏོང་དགོས་ཚུལ་སོགས་རྫོགས་མེད་ལབ་ཀྱི་འདུག མགོ་བདེ་འུ་ཚོས་ད་ནི་རང་ལ་ཡང་ཟས་ལྷག་འཐུང་འཕྲོ་ཞིག་ཐོབ་རྒྱུ་རེད་སྙམ་སྟེ་དགའ་ཀྲོག་ཀྲོག་མགོ་མ་ཚོས་གོང་ལྕེ་ལ་སྙབ་ཀྱི་འདུག སྐལ་མེད་སར་སྐེ་སྲིང་གིན་འདུག དོན་དུ་ནང་བསྟན་ཆོས་ལུགས་ཟེར་བ་དེ། དབང་ཤེད་བཀོལ་ཏེ་འདུ་ཤེས་འཛིན་སྟངས་སུ་འགྱུར་དགོས་ཞེས་ན་གྱུར་འགྲོ་བ་ཞིག་དང་ཡང་འགྱུར་མི་དགོས་ཞེས་ན་མི་འགྱུར་བ་ཞིག་ཡིན་ནམ། ཐ་ན་དེ་ག་ལོ་ངོ་སྟོང་ཕྲག་བརྒྱུད་དེ་བོད་པ་ཚོས་ཡིན་མདོག་ཁ་པོས་རང་གི་འདུ་ཤེས་འཛིན་སྟངས་ཟེར་བར་བཟུང་ཡོད་རུང་། རླུང་དམར་འུར་འུར་ཁྲོད་འུ་ཚོ་རང་གིས་ལག་དངོས་ཀྱིས་ཐོ་བས་བཅོམ་ཞིང་སྟ་རེས་བརྡུངས་སོང་བ་མིན་ནམ། དེ་བརྗེད་སོང་ཟེར་ན་ཤོབ་རྒན་ཁྱོད་ལ་སྐྱོབ་ཐབས་མེད་པ་འདྲ།

            འདི་ནས་ཁ་ཕྱིར་འཁོར་ལ་རྒྱའི་སྤྱི་ཚོགས་ལ་གཅིག་བལྟ། ཧ་ལམ་ལྕགས་ཕག་ལོའི་གསར་བརྗེ་ཟེར་བ་དེ་ནས་བཟུང་ཡབ་མེས་རང་གི་དད་མོས་དང་སྲོལ་རྒྱུན་སོགས་ཀྱི་སྲོག་དབུགས་གཅོད་མགོ་བརྩམས་ལ། དེའི་རྗེས་ལྷ་མེད་སྨྲ་བའི་མར་ལེ་རིང་ལུགས་ནང་འདྲེན་བྱས། དེའི་རྗེས་ལྷ་འདྲེ་གདོན་བགེགས་ཐལ་བའི་རྡུལ་དུ་གཏོང་བའི་རིག་གནས་གསར་བརྗེ་སྤེལ། དེའི་རྗེས་དཔལ་འབྱོར་དར་སྤེལ་གྱི་རྩ་དོན་གནམ་ལས་མཐོ་བའི་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད། ད་ནི་དད་མོས་གཙོ་ཡིན་པའི་འདུ་ཤེས་འཛིན་སྟངས་ཟེར་བ་དེ་རྩ་མེད་གཙང་དག་བརྒྱབ་ཟིན་འདུག་པས། འུ་ཚོ་ལས་ཀྱང་བཙོག་པའི་ཁོ་ཚོས་ད་ཡང་གནའ་ཞིག་ལ་མཛེ་བོར་བཟུང་ཞིང་བོང་བུ་ནག་རིལ་ལ་བསྐྱོན་ཏེ་ལུང་པ་ཕར་ནང་དུ་རྒྱང་ཕུད་བརྒྱབ་ཚར་བའི་ནང་བསྟན་ཟེར་བ་དེ་ཕྱིར་བོས་ན་དེ་ཡོང་ངམ། ཡོང་རུང་མགྲོན་གྱི་གཙོ་བོར་འགྱུར་རམ། མགྲོན་གྱི་གཙོ་བོར་བཙན་གྱིས་བཀོད་རུང་དེའི་ཁར་ཉན་མཁན་ཡོད་དམ། རྒྱུ་མཚན་ནི་དེ་རིང་གི་སྤྱི་ཚོགས་ནི་གཙོ་བོ་དངུལ་ལོ་བཙལ་ཏེ་ཕྱུག་པོ་ཆགས་རྒྱུ་དེ་རེད། མ་གཏོགས་བན་རྒན་དམར་ཐོ་ཁྱོད་ཀྱི་གོ་རྒྱུ་མེད་པའི་ལྡབ་ལྡིབ་དེར་རྣ་བ་གཅོར་མཁན་སུ་ཞིག་ཡོད། དེ་བས་འདི་དག་ནི་རྒྱ་ཡི་རིན་པོ་ཆེ་ཐོན་སྐྱེད་བྱེད་སྟངས་ཤིག་ལས་ཁྱོད་ཀྱི་རིན་པོ་ཆེ་ཡི་ལུས་ངག་ཡིད་གསུམ་དང་འབྲེལ་བ་ལར་ནས་མེད་པས་སོ་སོ་མགོ་མ་འཐོམས་རོགས།

            ད་དུང་གཏིང་ལ་ཅུང་ཞིག་དྲུས་ཚེ་ངས་བྱང་ངོས་པས་བཟོས་པའི་ཏོག་སྡེའི་ཆུ་གློག་ས་ཚིགས་དེ་དྲན་ཡོང་། དེ་ནི་སྐབས་དེའི་བོད་ཀྱི་ཆུ་གློག་ས་ཚིགས་དང་པོ་དེ་ཡིན་པར་མ་ཟད་རྒྱལ་ནང་གི་ཡང་ཨང་གཉིས་པ་དེ་རེད། དེའི་རྗེས་སུ་ཆུ་གློག་ས་ཚིགས་དེ་ལས་ལྡབ་འགའ་ཡིས་ཆེ་བ་ཞིག་རྒྱལ་ཁབ་ཀྱིས་ལས་ཏེ་བྱང་ངོས་པའི་དེ་ཟིལ་གྱིས་མནན་པའི་མི་ཚད་ད་ནི་ཤུལ་ཙམ་ཡང་མཐོང་རྒྱུ་མི་འདུག དེ་ཡང་བོད་ཀྱི་རིན་པོ་ཆེ་དང་རྒྱ་ཡི་རིན་པོ་ཆེ་ཡི་ཁྱད་པར་རེད། ད་དུང་སྐྱིད་ཆུའི་ཕར་ངོགས་ན་རྒྱ་ཆེར་ལས་ཡོད་པའི་རྒྱ་བཟའི་ལྷ་ཁང་གསེར་འོད་ཅན། པོ་ཏ་ལའི་ཐང་ཆེན་གྱི་བཟོ་ཞིང་དམག་གསུམ་གྱི་རྡོ་རིང་ཆེན་པོ། ཐ་ན་ལྷམ་དང་དོར་མའི་སྟེང་ལ་བསམ་བཞིན་དུ་བོད་ཀྱི་ཐང་སྐུ་ལྷ་རིས་དཔར་ཚུལ། མཐར་གཏུགས་ན་ཚང་མ་བོད་ཀྱི་རིན་པོ་ཆེ་དང་རྒྱ་ཡི་རིན་པོ་ཆེ་མ་གཅིག་པས་རེད། རིན་པོ་ཆེ་དེ་གཉིས་ལ་ཤུགས་ཆེ་ཆུང་ཤོར་བས་རེད། དེ་དག་ཡོད་ཚད་ལ་ངས་འདི་ནས་དཔེ་ཞིག་འདྲེན། བརྙན་འཕྲིན  ༼གྲུབ་ཆེན་དམ་པ་ཅི་ཀུང༽ ནང་གི་ཕྱུག་པོའི་བུ་བྱི་ཕོ་དེས་དྲ་ཡོལ་གྱི་རྒྱབ་ལ་ཡིབ་སྟེ་ག་ལེར་ཚོད་བལྟའི་ཚུལ་གྱིས ༼མཛེས་མ—༽ ཞེས་ཡང་ཡང་འབོད་ཀྱིན་རྣམ་སྨིན་གྱི་འབྲས་བུ་སྟེ་ཁོག་པའི་སྐྲན་རྡོག་སྦོས་ནས་ལྟོ་བ་ཇེ་ཆེར་འགྲོ་མིན་ལ་ཉམས་བརྟག་བྱེད་པའི་བཟོ་ལྟ་དེ་དྲན་ཡོང་ངམ། འོ་ད་དེ་རེད། དེ་བས་ཨ་ཙ་ར་ཀྲང་ཐེ་ལེན་ལྟ་བུ།  སྨྱོ་མོ་སཱ་ཏེན་ཏེན་ལྟ་བུ་ནི་རྒྱ་ཡི་རྩེད་མོ་ཞིག་ལ་སྐུད་པའི་སྣེ་རུ་དཔྱངས་ཏེ་འཁྲབ་སྟོན་བྱེད་སྤྱད་ཀྱི་ཤིང་གི་མིའུ་ཆུང་དེ་དག་ལས་ཅི་ཡང་མ་རེད། གླེང་རིན་ཡང་མི་འདུག བལྟ་ཁོམ་ཡང་མ་བྱུང་། ཆེས་འཇིགས་སུ་རུང་བ་ནི། ཁོག་པའི་སྐྲན་རྡོག་མ་སྦོས་ཚེ་སྐུད་པར་ཁ་ལོ་བསྒྱུར་མཁན་རྫིག་པོ་དེ་དྲ་ཡོལ་ནག་པོའི་རྒྱབ་ནས་མངོན་སུམ་འཛེམ་མེད་ཀྱིས་ཕྱིར་འཇུར་ཡོང་སྟེ་མཛེས་མ་ཚོ་གཅིག་ཀྱང་མ་བསྐྱུར་བར་ཚང་མ་རྒྱ་ཡི་རིན་པོ་ཆེའི་རྩེད་སྤྱད་དུ་བསྒྱུར་འགྲོ་བ་དེ་རེད། དེ་དུས་དུག་ཆུ་འཐུང་བའི་མང་ཚོགས་མ་བཟོད་དེ་ཐ་མ་རྒྱལ་བོ་རང་གིས་ཀྱང་དུག་ཆུ་འཐུང་སྟེ་སྨྱོན་པར་གྱུར་སོང་བ་ཇི་བཞིན་ང་ཚོ་བོད་ཀྱི་རིན་པོ་ཆེ་ལ་ཡང་ཇི་འདྲའི་སེམས་ཁྲལ་ཡོང་ཨང་།

              དེ་བས་བོད་ཀྱི་རིན་པོ་ཆེ་ཉི་མ་གཅིག་གིས་ཡིན་རུང་རིང་ཙམ་དུ་གཙང་མར་བཞུགས་སུ་འཇུག་ཆེད། ང་རང་ནམ་ཡང་འཛེམ་དོགས་མེད་པར་ཁྱོད་ཀྱི་ཁོག་པའི་ནང་གི་སྐྲན་རྡོག་བྱེད་པར་འདོད་དོ། །

ཡོང་ཁུངས་བོད་ནང་གི་དྲ་བ།

དཔྱད་མཆན་སྤེལ།

%d