འཛམ་གླིང་ཤར་ནུབ་ཀྱི་སྙན་ངག་གྲགས་ཅན།


ཁྲིམས་སྲིད་ལ་སྦྱར་བའི་དུང་བརྗོད་སྙན་ངག

རྩོམ་པ་བོ། ཚོའོ་ཚོའོ།

འཇིག་རྟེན་འདི་ནས་མི་ཉིད་ཀུན་གྱི་མཆོག །
གནམ་བདག་གོང་མས་ཁྲིམས་སྲོལ་ལེགས་བཙུགས་ཏེ། །
མཐའ་བཞིའི་ཁྱོན་ལ་ཤིང་རྟའི་རྐང་རྗེས་ཕབ། །
ཕྱི་དགྲ་བཏུལ་ཏེ་ནང་གྲོགས་ཐམས་ཚུལ་གྱིས། །
ལེགས་པར་སྐྱོང་བའི་ལོ་རྒྱུས་སྙིང་དུ་སིམ། །
ཀོང་དང་ཧོ་སོགས་རྗེ་གནས་དྲང་སྙོམས་ལྟར། །
མཛངས་ལ་བཀུར་བས་མངའ་ཐང་ཡུན་དུ་དར། །
རིམ་པར་བརྒྱུད་པའི་རྒྱལ་ཁྲིམས་སྲོག་ཏུ་བྱས། །
ལུགས་མེད་སྤྱོད་པ་ཡུལ་ནས་རིང་དུ་འགོངས། །
སྔ་སྲོལ་བསྒྱུར་ཀྱང་ད་སྲོལ་གསར་བ་ཡིས། །
ཉམས་མེད་རྒྱལ་ཁྲིམས་མངའ་འབངས་ཀུན་གྱི་གཉེན། །
རབ་ཏུ་གནས་པའི་གཞུང་དྲང་བདེན་པའི་མིག །
ཕྱི་རབས་མི་ཡི་གདོང་ལ་མ་བརྐོས་སམ། །
རྒྱལ་རབས་རྗེས་མས་ལུགས་བཟང་རྡུལ་ལྟར་དོར། །
མངའ་འབངས་མི་སེར་སྒོ་ཁྱིའི་ཚུལ་དུ་བཀོལ། །
ལྟོགས་མུག་ཀློང་ནས་འོ་དོད་ཐོས་པའི་ཚེ། །
གནའ་བོ་ཐང་ཡོའི་སྐབས་ཀྱི་ལུད་རྫས་ཀྱང་། །
ད་ལྟ་རང་ལུས་གསོ་བའི་རྒྱན་མཐོང་ན། །
ཀྱེ་མ་རྒྱལ་ཁམས་འཇིག་པའི་གདུང་བ་ཆེ། །
ཀུན་གྱིས་བསྔགས་བྱར་གྱུར་པའི་པོའོ་ཡེ་ཡིས། །
ཁྲིམས་དོར་སྲོལ་ཉམས་མི་དགེའི་མཐུ་ཉིད་དུ། །
གཟིགས་ཏེ་སྔར་ཡོད་ལུགས་བཟང་གང་དུ་སྤེལ། །
ནག་ཉེས་ཡུན་དུ་འགོར་ན་སུ་ཡིས་སེལ། ། །
སྤྱོད་བཟང་ལག་དུ་བླངས་ན་ད་ལྟ་ཉིད། །
མཁས་པ་ཞུས་ཡོའི་ལུགས་ལྟར་ངན་ཁག་རྣམས། །
གཞན་ནས་གཞན་དུ་དཀྲིས་ན་རྫོགས་མཐའ་བྲལ། །
སུ་ལ་གཞུང་དྲང་བརྩེ་བའི་འཛུམ་དཔལ་ལྡན། །
དེ་ལ་ཆ་མེད་གྲོགས་ཀྱང་རྒྱང་ནས་འདུ། །

       ཞེས་མཁས་པོའི་དབང་བོ་བེ་རི་འཇིགས་མེད་ལུགས་ཀྱི་ཐུགས་སྐུལ་ལྟར་རྒྱ་བོད་ལོ་ཙཱ་བ་གངས་དབྱངས་འཚོ་འབོད་པས་དོན་སྒྱུར་གཙོ་བོར་བྱས་ཏེ་ཤར་མར་ཞུས་པ་ལ་འགལ་ནོངས་ཅི་མཆིས་ཐམས་ཅད་ལོ་ཙཱ་བར་དཀྲི་འོས་སོ།།


201500

སྟོན་མཚན་རིང་མོའི་མཛའ་གཞས།

རྩོམ་པ་བོ། ལེ་བྷེ། [ཐང་གི་སྙན་ངག་པ]


ཁྲང་ཨན་མཁར་ལ་སྟོན་ཟླའི་འཛུམ་དཔལ་བཞད། །
གྲོང་དང་ཁྱིམ་མིའི་འུར་ཟིང་རྣ་བར་གཟན། །
སྟོན་རླུང་བསེར་བུ་ངེས་མེད་ལྡང་བ་ཡིས། །
གཡང་ཊིའི་སེམས་རྟེན་དྲན་པའི་རུམ་དུ་འཁྱིལ། །
ཞུང་ནུའི་འཐབ་འཛིང་ནམ་ཞིག་མཇུག་གྲིལ་ཏེ། །
མཛའ་གྲོགས་ཁྱོ་བོ་དམག་མཚམས་འཇོག་པར་བྲེལ།།


སྨྱུག་སྤྱིལ།

རྩོམ་པ་བོ། ཝང་ཝེ། [ཐང་གི་སྙན་ངག་པ། ]

ཁུ་སིམ་ལྗོན་ཚལ་གཅིག་པུར་གནས་པའི་ཚེ། །
དངན་པ་རིང་མོ་རྒྱུད་མངས་སྒྲ་ལས་མཆེད། །
མི་མེད་གསང་བའི་བསྟི་གནས་ཉམས་དགའ་བར། །
ཟླ་གཞོན་ཁོ་ནས་བདག་གི་སྐྱོ་བ་བསངས། །


སྟོན་གྱི་དྲན་པ།

[ཐང་གི་སྙན་ངག་པ] ཀྲང་ཅིས།

ལུའོ་དབྱང་མཁར་ལ་སྟོན་རླུང་བསིར་བུར་རྒྱུ། །
སྙན་ངག་པ་ལ་ཡུལ་འཕྲིན་འབྲི་འདུན་སྐྱེས། །
དྲན་པའི་གདུང་བ་ཤིན་ཏུ་ཟབ་ལྕི་བས། །
འཕྲལ་དུ་བྲིས་ཀྱང་འདོད་འདུན་མི་རྫོགས་ཤིང་། །
ཡུལ་བགྲོད་འགྲུལ་བར་བར་ཆད་བྱེད་པར་འཇིགས། །


བྲུལ་བའི་མེ་ཏོག

རྩོམ་པ་བོ། ལིས་ཧྲིང་ཡན། [ ཐང་གི་སྙན་ངག་པ། ]

ཐོག་བརྩེཊ་འགྲུལ་བ་རྒྱང་དུ་གཤེགས་ཤུལ་ནས། །
ལྡུམ་ར་ཆུང་ཆུང་མེ་ཏོག་འདབ་མས་ཁེངས། །
སྡོང་རྐང་ཡལ་ག་ཀྱག་དཀྱོག་འཁྱུད་པའི་མོད། །
ལོ་མ་རེ་རེ་མི་སྡུག་ཉམས་ཀྱིས་མནར། །
ཚུལ་འདི་མཐོང་བས་ཕྱགས་པའི་སྤོབས་པ་ཕྲ། །
འཕྲང་ལ་ཅེར་ཡང་འགྲུལ་བ་སྔར་བཞིན་ལོག །
མེ་ཏོག་བསུང་ངད་དཔྱིད་དང་ལྷན་དུ་རྫོགས། །
འདོད་དོན་དྲན་ཚེ་མཆི་མས་ལུས་ཟུང་བརླན། །


གྱེས་ཕྱག་འབུལ་བ།

རྩོམ་པ་བོ། ཏུའུ་མོ། [ཐང་གི་སྙན་ངག་པ། ]

མཛའ་བོ་འབྲལ་ཁར་བཅོས་མའི་མཛུམ་མདངས་ཀྱིས། །
ཆང་ཕོར་ཁ་ནས་དགོད་སྒྲ་ག་ལ་ཐོན། །
སྒྲོན་མེ་འདིས་ཀྱང་གྱེས་བྲལ་གདུང་བ་ཡིས། །
འུ་ཅག་སླད་དུ་མཚན་ནམ་མིག་ཆུས་བསྐྱལ། །


མཚན་དུས་ཀྱི་ཕིང་ཅིན་གཙང་བོ།

རྩོམ་ཁུངས། [ཆུ་ངོགས་གཏམ་རྒྱུད། ]

སྨུག་ཆར་དཀྲིགས་པའི་ཕིང་ཅིན་གཙང་བོ་ལགས། །
ཁྱེད་ལས་མཛེས་སྡུག་སྲིད་འདིར་ཡོད་རེ་སྐན། །
རབ་རིབ་ཟླ་གཞོན་མཚོ་ལ་ལྷུང་བ་ནི། །
མཛེས་མའི་ལན་བུས་བཞིན་དཔལ་འཆིང་བ་འདྲ། །
ཟླ་ངོགས་པི་ཝང་འཁྲོལ་བའི་སྒྲ་སྙན་དེ། །
ཡུན་དུ་བོར་ཚེ་སྐྱ་མདོག་འདམ་གླིང་འདི། །
ད་ལྟ་གཙང་བོའི་རླབས་ཀྱིས་ཡོམ་ཡོམ་སྒུལ། །


མཚན་མོ།

རྩོམ་པ་བོ། ཕུ་ཞིན་ཅིན། [ཨུ་རུ་སུའི་སྙན་ངག་པ། ]

བརྩེ་ཞེན་འཇུ་ཐག་དམ་དུ་སྦྲེལ་བ་ཡིས། །
ལྷིང་འཇགས་མཚན་མོ་སྐྱོ་བའི་གླུ་ལ་གཏད། །
སྒྲོན་འོད་ངོགས་ནས་སྙན་ཚིག་འཚོལ་བའི་ཚེ། །
དྲན་པའི་གཅོང་གིས་ལང་ཚོ་ཉམས་འགྱུར་ཞིང་། །
འོ་དོད་ཀློང་ནས་ཁྱོད་ལ་དགའ་ཞེས་བོས། །


རོལ་དབྱངས་འཚོལ་བ།

རྩོམ་པ་བོ། ཞི་ལེ། [དབྱིན་ཇིའི་སྙན་ངག་མ། ]

བདག་ནི་རོལ་དབྱངས་འཚོལ་བའི་ལམ་དུ་ཞུགས། །
འདུན་པ་འདི་ནི་སུས་ཀྱང་འགོག་ཐབས་བྲལ། །
དབྱངས་རྟགས་རེ་ལ་ཆང་གི་བྲོ་བ་རེ། །
རོལ་དབྱངས་པང་དུ་དངུལ་མདོག་འོད་ཀྱིས་འཐིགས། །
ཇི་ཙམ་གཞིབ་ཀྱང་ངོམས་མེད་བྲོ་བ་འདིས། །
སེམས་ཀྱི་འཆིང་ཐག་དལ་གྱིས་རབ་འཁྲོལ་ཞིང་། །
བདེ་དགའི་ཀློང་དུ་སྒྲ་མེད་ལྷོད་ཀྱིས་འཁྱམས། །


རྩོམ་བཅད།

རྩོམ་པ་བོ། པཎ་ཀྲི་ལན། [རྒྱའི་དེང་རབས་སྙན་ངག་པ། ]

ཁྱོད་ཉིད་ཟམ་སྟེང་འགྲེང་སྟེ་ཡུལ་ལ་གཡེངས། །
གཡེངས་པའི་མི་དེས་ཐོག་ཁང་དྲྭ་མིག་ཅེར། །
ཅེར་བའི་ཚེ་ན་སྒེའུ་ཁུང་ཟླ་བས་བརྒྱན། །
བརྒྱན་པའི་དུས་དེར་རྒྱང་གི་རྨི་ལམ་རྒུམ། །


2015 jn

བརྩེ་དུང་གི་གོད་ཆག

རྩོམ་པ་བོ། R.S ཐོ་མ་སི། [ཨུ་རུ་སུའི་དུང་བརྗོད་སྙན་ངག་པ།]

ཁོ་བོ་གཏན་དུ་ཁྱེད་ལ་འཁྲེང་བའི་སེམས། །
ཁྲུས་རོལ་ངང་བའི་མགྲིན་གླུར་ལྷོད་ཀྱིས་སིམ། །
བགྲང་བྱའི་གཉེར་ཐག་ཐོད་དུ་འཆིང་བའི་དུས། །
བརྩེ་དུང་དུས་སྐལ་ཅི་འདྲའི་ཡུན་ཐུང་ཞིག །
སྒེག་མཛེས་ལང་ཚོའི་མེ་ཏོག་ཚོམས་བུ་དག །
སྐྱོ་ངལ་མིག་ཆུས་གཏིང་ནས་གཟན་པའི་ཚེ། །
འཆི་བདག་བདུད་ལ་བཅོས་མའི་འཛུམ་དཀར་གྱིས། །
རིང་ནས་བསུ་མ་བྱེད་ལ་དགའ་བ་འཕེལ། །


འཇིག་རྟེན་ནས་རྒྱང་ཐག་རིང་ཤོས།

རྩོམ་པ་བོ། ཐེ་ཀོར།

           [ཐེ་ཀོར་ནི་(1861.5.7-1941.8.7)རྒྱ་གར་གྱི་སྙན་ངག་པ་དང་རྩོམ་པ་པོ། སྒྱུ་རྩལ་པ། མཚན་ཉིད་རིག་པ་སོགས་ཀྱི་རླབས་ཆེ་ཞིང་རྒྱ་གར་གྱི་རྩོམ་རིག་ལོ་རྒྱུས་ཁྲོད་མེད་དུ་མི་རུང་བའི་མི་སྣ་གལ་ཆེན་ཞིག་ཡིན་ལ། འཛམ་གླིང་རྩོམ་རིག་གི་སྤྱིའི་འཕེལ་ཕྱོགས་ལའང་སྐུལ་འདེད་དང་བྱས་རྗེས་རབས་དང་རིམ་པ་ཞིག་བཞག་ཡོད། དེ་ཡང་1913ལོར་ཁོང་ལ་ནོར་འབེལ་རྩོམ་རིག་བྱ་དགའ་ཐོབ་ཅིང་། དུས་རབས་ཉི་ཤུ་བའི་འཛམ་གླིང་རྩོམ་སྟེགས་སུ་གཏིང་ཟབ་ཅིང་གཟི་འོད་འཁྱུད་པའི་ཤུགས་རྐྱེན་བཟོས་པ་མ་ཟད། ལྷག་པར་དུ་ཨེ་ཤ་ཡའི་ལོ་རྒྱུས་ཀྱི་ཤོག་ལྷེ་ལ་སྔར་མེད་ཀྱི་ཟིན་ཐོ་གསར་བ་ཞིག་ཀྱང་བཀོད་པ་རེད། ཁོང་གིས་ཚེ་གང་ལ་སྙན་ངག་གི་བརྩམས་ཆོས་༥༠དང་བརྩམས་སྒྲུང་རིང་གྲས་ཐུང་གྲས་༡༠༠ལྷག་དང་། དེ་མིན་འཁྲབ་གཞུང་དང་གླུ་དབྱངས། རི་མོའི་བརྩམས་ཆོས་སོགས་ཀྱི་བྱས་རྗེས་རླབས་ཆེན་བཞག་ཡོད་ལ། དཔྱོད་མཁས་ཀུན་གྱིས་ཁོང་ནི་ངེས་པ་དོན་གྱི་སྙན་ངག་གི་འཕགས་པར་བརྩི་བཞིན་ཡོད།]

འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།

སྐྱེ་བ་དང་འཆི་བའི་བར་ཐག་མིན་པར།
ང་རང་ཁྱོད་ཀྱི་མདུན་དྲུང་དུ་འགྲེང་ཚེ།
ཁྱོད་ཀྱིས་ང་ཅི་ཙམ་ད་དུང་ཁྱོད་ལ་དགའ་བ་མི་ཤེས་པའི་ཧེ་བག་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
ང་རང་ཁྱོད་ཀྱི་མདུན་དྲུང་དུ་འགྲེང་ཚེ།
ཁྱོད་ཀྱིས་ང་ཅི་ཙམ་ཁྱོད་ལ་དགའ་བ་མ་ཤེས་པའི་ཧེ་བག་དེ་མིན་པར།
བརྩེ་འདུན་གྱིས་མྱོས་པའི་འཁྲུལ་སྣང་དང་ང་ཁྱོད་ལ་
དགའ་ཞེས་བཤད་མི་སྤོབས་པའི་བར་ཁྱད་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
བརྩེ་འདུན་གྱིས་མྱོས་པའི་འཁྲུལ་སྣང་དང་ང་ཁྱོད་ལ་དགའ་ཞེས་བཤད་མི་སྤོབས་པའི་བར་ཁྱད་དེ་མིན་པར།
ཁྱོད་ཉིད་དྲན་པའི་གདུང་སེམས་ལྕི་མོ་འདི་དང་།
སྙིང་མཐིལ་ཁོ་ནར་རུམ་པའི་གསང་གཏམ་དེའི་བར་ཐག་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
ཁྱོད་ཉིད་དྲན་པའི་གདུང་སེམས་ལྕི་མོ་འདི་དང་།
སྙིང་མཐིལ་ཁོ་ནར་རུམ་པའི་གསང་གཏམ་དེའི་བར་ཐག་མིན་པར།
ཕན་ཚུན་སེམས་གཏིང་ནས་དུང་ཞེན་གྱིས་སྦྲེལ་ནའང་།
ལྷན་དུ་འགྲོ་བར་མི་བཟོད་པའི་བར་ཁྱད་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
ཕན་ཚུན་སེམས་གཏིང་ནས་དུང་བའི་བརྩེ་བ་དང་།
ལྷན་དུ་འགྲོ་བར་མི་བཟོད་པའི་བར་ཁྱད་དེ་མིན་པར།
ཐབས་བཀོད་བྲལ་བའི་བཀག་འགོག་གི་གནས་ཚུལ་གསལ་བོར་མཐོང་ཡང་།
ད་དུང་ཞེ་སེམས་ཀྱི་འདུན་པ་ཆད་མེད་དུ་འབྲེལ་བའི་བར་ཐག་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
ཐབས་བཀོད་བྲལ་བའི་བཀག་འགོག་གསལ་བོར་མཐོང་བའི་གནས་ཚུལ་དང་།
ད་དུང་ཞེ་སེམས་ཀྱི་འདུན་པ་ཆད་མེད་དུ་འབྲེལ་བའི་བར་ཐག་དེ་མིན་པར།
སུ་ཞིག་གིས་སྲིན་ལག་བསྲིངས་ཏེ་ (སྣང་མེད་དུ་བསྐྱུར་བའི་སེམས་) ཁྱོད་དང་ཁྱོད་ཀྱི་བརྩེ་བའི་བར་དུ།
བརྒལ་ཐབས་མེད་པའི་ཡུར་བུ་ཞིག་སྔོག་འདོན་བྱས་བའི་བར་ཐག་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
སྡོང་བོ་དང་སྡོང་བོའི་བར་ཁྱད་དེ་མིན་པར།
རྩ་བ་ལྷན་དུ་འབུས་པའི་ཡལ་ག་ཟུང་གཅིག
དྲག་རླུང་ཁྲོད་ཕན་ཚུན་འཁེན་པར་མི་ནུས་པའི་བར་ཐག་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
ཡལ་ག་ཕན་ཚུན་བརྟེན་ཐབས་མེད་པའི་ཧེ་བག་དེ་མིན་པར།
ཕན་ཚུན་ལ་རེ་བའི་རྒྱུ་སྐར་གྱི་ཚོམས་བུ་དག
ཤུལ་རྗེས་ཟབ་མོ་ཞིག་ལྷན་དུ་འཇོག་པའི་གོ་སྐབས་དབེན་པའི་བར་ཐག་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
སྐར་ཚོམས་ཕན་ཚུན་གྱི་འཁོར་ལམ་དེ་མིན་པར།
གལ་ཏེ་རྗེས་ཤུལ་མཉམ་དུ་འཇོག་པའི་དབང་དུ་བཏང་རུང་།
སྐད་ཅིག་མའི་འཁོར་བསྐྱོད་ཁྲོད་ཟིན་མེད་དུ་ཡལ་བའི་བར་ཐག་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
སྐད་ཅིག་མའི་འཁོར་བསྐྱོད་ཁྲོད་ཟིན་མེད་དུ་ཡལ་བའི་བར་ཐག་དེ་མིན་པར།
འཕྲད་པའི་གོ་སྐབས་རྫོགས་པ་དང་།
འདུ་བའི་ཐབས་ལམ་དབེན་པའི་བར་ཐག་དེ་ཡིན།
འཇིག་རྟེན་ནས་རྒྱང་ཐག་ཆེས་རིང་ཤོས་དེ།
ཉ་མོ་དང་འདབ་ཆགས་ཀྱི་བར་ཐག་དེ་ཡིན།
གཅིག་ནི་ནམ་མཁའི་མཐོངས་སུ་གནས་ཤིང་།
གཅིག་ཤོས་ནི་མཚོ་མོའི་གཏིང་རུམ་དུ་འཚོ།


ནམ་ཞིག་ཁྱོད་ཀྱི་ན་ཚོད་ཡོལ་བ་ན།

རྩོམ་པ་བོ། ཡེའུ་ཚེ། [དབྱིན་ཇིའི་མཚོན་རྟགས་རིང་ལུགས་ཀྱི་ཚབ་མཚོན་སྙན་ངག་པ། ]


ནམ་ཞིག་ཁྱོད་ཀྱི་ན་ཚོད་ཡོལ་བ་ན།

སྐྲ་ལོ་དཀར་ཞིང་དྲན་སྣང་རབ་རིབ་ཀྱིས་ཐབ་འགྲམ་དུ་གཉིད་ཅོག་རྒྱག་ཚེ།

ཉིད་ཀྱིས་དལ་ལྷོད་ངང་སྙན་ངག་འདི་གདངས་སུ་གྱེར་དང་།

བརྩེ་འཛུམ་གྱི་དྲོད་ཁོལ་ལས་སྔར་གྱི་ཞེ་དུང་འཚོལ་ཐུབ།

ཁ་སང་།

ཁྱོད་ཀྱི་ལང་ཚོའི་སྙིམ་པ་དང་མཛེས་སྒེག་ལ་སེམས་ནས་སྨོན་མཁན་དང་སླུ་བྲིད་གཏོང་མཁན་ཅི་ཙམ་མཆིས་སམ།


དོན་དམ་དུ།

ཁྱོད་ཀྱི་བླ་སྲོག་གི་གཤིས་དང་མྱ་ངན་གྱིས་ཕབ་པའི་རྒས་གཉེར་ལ་དུང་མཁན་ག་ཙམ་ཡོད།

ནམ་ཞིག་ཁྱོད་ཀྱི་ན་ཚོད་ཡོལ་བ་ན།

ཐབ་ཀའི་མེ་དྲོད་ཀྱི་ཀློང་ནས་མགོ་བོ་དུད་དེ།

རང་ཉིད་བརྩེ་དུང་གི་རོལ་རྩེད་དང་ཡུན་གྱིས་གྱེས་དགོས་པར་རྟོགས་ཐུབ་ཅིང་།


ཡ་ཐོད་དུ་བྲིས་པའི་འཆར་ཡན་གྱི་རི་ཚོགས་དེ་དག


སྐར་ཚོམས་ཀྱི་དབུས་ནས་མྱ་ངན་གྱི་ངོ་གདོང་ཙམ་དུ་ངེས་སྲིད།


ངའི་སེམས་ཀྱི་ཟབ་ས་ན།

རྩོམ་པ་བོ། ཏོའོ་ཆིས་ཐེན་ཚོན། [ཉི་ཧོང་གི་དེང་རབས་སྙན་ངག་སྨྲ་བའི་དབང་བོ།]

ངའི་སེམས་ཀྱི་ཟབ་ས་ན།

མགྲིན་པ་རྣོང་བའི་གསང་བ་ཞིག་ཡོད་དེ།


ནམ་ཞིག་ཁོ་བོ་གཞིས་ལྷག་གི་དུར་རྫས་སུ་གྱུར་བ་ན།

ད་དུང་ཁྱོད་ཉིད་ལས་གཞན་སུ་ཞིག་གིས་རྟོགས་ནུས་སམ།

གལ་ཏེ་ང་རང་བྱེའུ་ཞིག་ཡིན་ཚེ།

ཁྱོའི་སྒེའུ་འགྲམ་གྱི་མཐོང་དབྱིངས་ནས།

སེམས་གཏིང་གི་མཛའ་གླུ་ཁྱོད་ལ་གྱེར་ཕྱིར།

ཞོགས་པ་ནས་ས་སྲོད་ལ་ཉེ་རུང་ངའི་གཤོག་པ་ལ་ངལ་དུབ་ཡོད་མི་སྲིད།

གལ་ཏེ་ང་རང་སྐུད་པ་ཞིག་ཡིན་ན།

ངས་ཁྱོད་ཀྱི་འཇམ་མཉེན་གྱི་སེན་མོའི་རེག་བྱ་ཚོར་ཐུབ།

ཁྱོད་ཀྱིས་ངའི་ལང་ཚོའི་གྲིབ་གཟུགས་ལ་སྦྲེལ་བའི་དྲན་སྣང་ཡོད་ཚད།

དཀར་གཙང་གི་རས་ཡོལ་དེའི་ལྟེབས་སུ་སིམ་པར་བགྱི་མཛོད།

གལ་ཏེ་ང་རང་ཐང་དཀྱིལ་དུ་ཡོད་པའི་རྩྭ་ཕྲན་ཞིག་ན།

ཕྱི་རོལ་གྱི་མཛེས་ལྗོངས་ཀུན་ལས་ཁྱོད་ཁོ་ནའི་ཕྱོགས་སུ་སྐྱེ་བར་བརྩོན་ངེས།

སྐབས་ཤིག་ཁྱོད་ཀྱི་ཞབས་མཐིལ་ལ་མཆུ་སྒྲོས་ཙམ་ཞིག་གླན་ཐུབ་པས།


ང་རང་ཁྱོད་ཀྱི་རྐང་འོག་གི་ས་རྡུལ་དུ་འགྱུར་རུང་བློ་འགྱོད་གཏན་ནས་མེད།

དངན་པ་འདིས་ང་རང་ནམ་ཡང་མྱ་ངན་ལ་སྐྱོན་ཞིང་།

གདུང་སེམས་ཤིག་བདག་གི་སྔས་སྟན་དུ་སིམ།

ཀྱེ་མ། ཞོགས་པའི་མགྲིན་གླུ་ད་དུང་གང་ནས་ཐོས་སམ།

མིག་ཆུའི་མཚོ་མོས་མལ་ཁྲི་འདི་སྙིལ་ལ་ཉེ་སོང་།

འཇིག་རྟེན་འདིར་བརྡ་ཐབས་ཅི་མང་བོ་ཞིག

འོན་ཀྱང་ངའི་སེམས་རིས་མཚོན་པའི་ཐ་སྙད་གང་དུ་ཡོད།

འོ་ན་ངའི་སེམས་པ་དམར་སྲེག་གཏོང་བའི་ཙག་སྒྲ་འདི་ཁོ་ན།

ཁྱོད་ལ་དབང་བའི་མཐའ་མཇུག་གི་སྙིང་གཏམ་ཡིན་ནམ།


མི་དང་རྒྱ་མཚོ།

རྩོམ་པ་བོ། བྷོ་ཏི་ལེ། [ཧྥ་རན་སིའི་དེང་རབས་རྩོམ་རིག་གི་རྨང་འདིང་མཁན། ]

(ཁོང་གི་ཆེད་རྩོམ་<<མི་དགེའི་མེ་ཏོག་>>གི་ཚན་བཤུས་སྙན་ངག)

ཁྱོད་ཉིད་གཏན་དུ་རྒྱ་མཚོ་དང་མཛའ་བར་བྱོས།
རྒྱ་མཚོ་ནི་ཁྱོད་ཀྱི་མེ་ལོང་སྟེ། ཁྱོད་ནི་མུ་མཐའ་བྲལ་བའི་རྦ་རླབས་ཤིག
རྔམ་སྟབས་ཀྱི་བཞུར་རྒྱུན་ཁྲོད་ནས་ཁྱོད་ཀྱི་བླ་སྲོག་ནི་ཞི་ལྷོད་ཀྱི་མངོན་ཡོང་ལ།
ཁྱོད་ཀྱི་འདུ་ཤེས་ནི་མྱ་ངན་གྱི་གཡང་གཟར་ཞིག་དང་མཚུངས།
ཁྱོད་ནི་རང་གི་སྣང་བརྙན་ཁྲོད་རབ་ཏུ་བརླན་པར་དུང་སྟེ།
ཁྱོད་ཀྱིས་མིག་དབང་དང་ལག་ཟུང་གིས་དེ་ལ་དམ་དུ་འཁྱུད།
ད་དུང་ཁྱོད་ཀྱི་སེམས་པས་འདི་ལ་གཏད་ནས་བར་མཚམས་མེད་པར་སྨྲེང་ངག་འཐེན།
སྐབས་རེ་རང་ཉིད་ཀྱི་འཕོ་འགྱུར་དེ་ལྡོག་འགྲོས་སུས་གཏོང་ཡང་ཆོག་ཅིང་།
ཁྱོད་ཅག་ཟུང་ནི་ནམ་ཡང་གཟབ་ནན་དང་དོག་སྣང་1གིས་ཁེངས་འདུག
མི་ཡཱ། སུས་ཀྱང་ཁྱེད་ཀྱི་གཡང་གཟར་དེའི་དམའ་ཚད་དཔྱོད་མ་མྱོང་ལ།
སུས་ཀྱང་ཁྱོད་ཀྱིས་བསགས་པའི་ནོམ་པ་ཤེས་མི་སྲིད།
ཁྱེད་ཅག་གིས་གསང་བར་བརྫུས་པ་ནི་ཅི་འདྲའི་སྒམ་ཞིང་བརླིང་བ་ཞིག་ཨང་།
འོན་ཀྱང་། དུས་རབས་ཅི་ཙམ་འགོར་བར་མི་ཤེས་མོད།
ཁྱེད་ཅག་གིས་སྙིང་རྗེ་དང་གནོངས་འགྱོད་མེད་པར་ཡུན་དུ་འཐབ་འཛིང་ལ་ཞུགས་ཏེ།
དམར་གསོད་དང་འཆི་བ་ལག་ཏུ་བསྟར་དགོས།
ཨཱ་་་་གཏན་དུ་ཞུམ་མེད་ཀྱི་དཔའ་རྒོད་ཡཱ།
ཨཱ་་་་་བརྩེ་འདང་བོར་བའི་སྤུན་ཟླ་ཡཱ།

ཡོང་ཁུངས་འཕྲིན་སྟེགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s