ལོ་ཙཱ་གླེང་བའི་གཏམ་ཆུང་བ།

__ཨ དོན་ཉི། ༼ཨ་རི།༽

          ཉེ་ལམ་བོད་ཀྱི་རྩོམ་མཁན་ཚེ་རིང་དོན་གྲུབ་ལགས་ལི་ཡུལ་དུ་བསྐྱོད་པའི་ཟིན་རྩོམ་ཞིག་བཀླགས་ཤིང་། ཁོང་གིས་ཟིན་ཐོ་དེའི་ནང་བྲིས་པའི་མི་རིགས་གཞན་པའི་རིག་གནས་ཀྱི་རྐང་མང་བོ་ཞིག་ཡུ་གུར་མི་རིགས་ཀྱི་ཡི་གེར་བསྒྱུར་ཡོད་པའི་སྐོར་དེས། བདག་ཡིད་རབ་ཏུ་བཀུག་ཅིང་ཤིན་ཏུ་སྡུག་པར་བཏང་སོང་།

         ངའི་ཡིད་སེམས་བཀུག་དོན་ནི། ཡུ་གུར་མི་རིགས་ཀྱི་བློ་གྲོས་ཅན་རྣམ་པས་ལེ་ལོ་དང་རྣམ་གཡེང་ལ་མ་བསྐུར་བར་མི་རིགས་གཞན་གྱི་རིག་གནས་ཀྱི་ལེགས་ཆ་མང་བོ་ཞིག་ཁོང་ཚོའི་རིག་གནས་སྐད་ཡིག་ལ་བསྒྱུར་ཡོད་པའི་ཤེས་རབ་མུ་བསྲིངས་ཀྱི་འོད་ཟེར་ཞིག་སྤྲོས་འདུག་པ་དེས་ཡིན།

          སེམས་སྡུག་པར་བཏང་དོན་ནི། མི་རབས་གསར་བའི་ང་ཚོ་བོད་ཀྱི་ཤེས་ཡོན་པའི་སྡེ་ན། སྟོབས་ལྡན་མི་རིགས་གཞན་པའི་ཤེས་རབ་ལས་འཁྲུངས་པའི་རིག་གནས་ཀྱི་སྙིང་བཅུད་འཛོམས་པོ་དག་ཚུར་བོད་བསྒྱུར་བྱ་མཁན་གྱི་མི་བུ་དཔྱོད་ལྡན་པ་ཉུང་དྲག་འདུག་སྙམ་པའི་ཀུན་སློང་སྐྱོ་མོ་དེ་འདྲ་བས་བསྐྱེད་པ་ཡིན།

        དེང་གི་མི་རབས་གསར་བའི་བོད་ཀྱི་རིག་གནས་པ་དང་སློབ་སྦྱོང་ཅན་གྱི་སྡེ་བ་ན། མི་རིགས་གཞན་པའི་རིག་གནས་སྣང་ཚུལ་གྱི་དར་རྒྱས་ཆེན་པོའི་འཕུར་སྐྱོད་ལ་ཡ་མཚར་གྱི་བསམ་བློ་འཆིང་སྟེ་འགྲམ་ཆུ་སྐམ་པོ་ལྡང་བར་དགའ་བའི་རིགས་མང་བ་ལས། བློ་དང་རིག་པས་བདར་ཞིང་ཚེགས་དང་བརྩོན་འགྲུས་བརྒྱབ་ནས་མི་རིགས་གཞན་པའི་རིག་གནས་ཀྱི་མཚར་སྡུག་ནང་འདྲེན་བྱེད་ཐུབ་མཁན་གྱི་མི་བུ་ཧ་ཅང་གི་ཉུང་ཉུང་རེད།  དེ་བས་ཀྱང་བདག་བློས་འཇུན་མི་ནུས་པ་ཞིག་ནི། ཆབ་དཔལ་རིག་གསུམ་གྱི་ཡང་རྩེར་སོན་པའི་རྒྱལ་ཁོངས་མང་བོ་ན་འཚོ་བ་སྐྱེལ་བཞིན་པའི་བོད་ཀྱི་ཤེས་ཡོན་པ་ཕལ་མོ་ཆེ་རྣམས། མི་རིགས་གཞན་པའི་ཧུར་བསྐྱེད་བསམ་བློའི་རིག་གནས་ཀྱི་མཁའ་དབུགས་ལ་བློ་སྦྱོང་ཙམ་དང་བག་ཆགས་ཙམ་བཞག་པས་ཆོག་བློ་སྐྱེ་སྟེ། མི་རིགས་གཞན་པའི་དཔེ་ཀློག་གི་སྐོམ་གདུང་དང་ཞིབ་འཇུག་གི་སྤོབས་པ། འབད་འབུངས་ཀྱི་ལག་ལེན་དང་གསར་གཏོད་ཀྱི་ཤེས་རབ་སོགས་ཀྱི་རིག་གནས་ལེགས་ཆ་མང་བོ་ཞིག། ཚུར་བོད་ཀྱི་རིག་གནས་བང་མཛོད་ནང་ལ་ཁུ་བསྡུ་དང་འབོར་འདྲེན་བྱེད་མི་བཏུབ་པའི་བསམ་བློའི་སྒྱིད་ལུག་པ་མང་བ་དེ་རེད།

         མ་ཟད་ཡང་། ཡར་རྒྱས་ཀྱི་མགྱོགས་ཚད་བྱ་ལྟར་མྱུར་བའི་ཕྱིའི་རྒྱལ་ཁབ་དག་གི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེ་ན། བོད་རང་གི་སྲོལ་རྒྱུན་རིག་གནས་རྐྱང་བས་གྲོད་ཁོག་འགྲང་ཐག་ཆོད་དེ། མི་རིགས་གཞན་པའི་རིག་གནས་ཀྱི་འཕུར་སྐྱོད་བྱེད་སར་ཁོ་ཚོ་རྐང་པ་དང་ལྟོ་བས་འཕྱེ་ནས་འགྲོ་བར་གོམས་ཡོད་པ་ལས། ཁོ་རང་ཚོའི་མིག་གིས་མཐོང་ཞིང་ལག་པས་སྙོབ་སའི་མི་རིགས་གཞན་གྱི་རིག་གནས་གསར་བསྒྱུར་གྱི་གཡོ་ཁྱོམ་ལ་ཁ་ཡ་བྱེད་ཀྱི་མེད་ཚོད་རེད།

      ཅི་ཞིག་རྩོམ་མཁན་དུ་ཁས་འཆེས་པ་དང་རིག་པ་སྨྲ་བའི་ཚུགས་ཀ་འདོན་མཁན་གྱི་མི་བུ་མང་ཚོད་ཅིག་ལ་ལས་ཀ་གཞན་ཞིག་ཡོད་པ་ནི། ནམ་ནམ་ཞར་ཞར་དུ། བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློ་གསར་བའི་མགོ་གང་ནས་འབུས་ན་དེ་ལ་རྒྱུགས་ནས་འབུར་འཇོམས་དང་དཀྲུགས་གཏམ་སྨྲ་བར་ལོབས་འདུག་པ་ལས། སོ་སོ་འཚོ་གནས་བྱེད་སའི་རྒྱལ་ཁབ་ཡར་རྒྱས་ཅན་དེ་དག་གི་རིག་གཞུང་འགངས་པོ་ཆེ་སྟེ་མིའི་རིགས་རིག་པ་དང་། ཚན་རིག་རིག་པ། སློབ་གསོ་རིག་པ་དང་བཟོ་འགོད་རིག་པ། འཚོ་གནས་རིག་པ་དང་སྤྱི་ཚོགས་རིག་པ། བྱིས་གཉོར་རིག་པ་དང་མི་འབྲེལ་རིག་པ་སོགས་གཙོས་པའི་དེབ་རྩོམ་གང་ཡང་བོད་བསྒྱུར་བྱས་མི་འདུག་དྲན་ཡོང་།  ཁྱོད་རང་ཚོ་སོ་སོ་སྡོད་སའི་སྐད་ཡིག་གང་དེ་ལ་ནང་བྱན་མ་སོང་ནས་ཡིག་བསྒྱུར་གྱི་ལས་ཀ་བྱེད་མ་ནུས་པ་རེད་དམ། ཡང་ན་གནམ་ས་བླ་འོག་བརྗེ་བཞིན་པའི་ཡར་རྒྱས་ཅན་གྱི་རྒྱལ་ཁབ་གཞན་དག་གི་དངོས་ཕན་དཔལ་ཡོན་གྱི་མཛེས་པ་ལ་སྣང་ཆུང་བྱས་བཞག་པ་རེད། ཡང་མིན་ན། ང་ཚོའི་མི་རིགས་འདི་ལ་རིག་གནས་ཚུར་ལེན་གྱི་བྱ་བཞག་རླབས་པོ་ཆེའི་ལས་རིགས་དེ་མི་དགོས་སྙམ་པའི་བསམ་བློ་སྐོར་ལོག་བཏང་བ་ཨེ་ཡིན་ནམ། དེ་ནི་ཡིན་མི་སྲིད།

    རིག་སྨྲ་པ་དང་རྩོམ་པ་པོའི་མིང་བྱང་འོག་འཚང་བར་ཐུགས་དགྱེས་བོ་ཡོད་མཁན་གྱི་ཤེས་ཡོན་པ་ལ་ཤས་ཤིག་ནི། ང་རྒྱལ་དང་རང་ཞེན་གྱི་མགོ་བོ་ཕྲག་གོང་ནས་སྐྲང་སྟེ་སྒྲོབ་ཉམས་ཀྱི་ལྗགས་ལྕེ་རལ་བོ་ཕུ་ནུ་སྤུན་ཟླའི་ནང་ལ་སྤམ་མདོག་གིས་གཡུག་ཅིང་། བོད་ཀྱི་མི་རབས་གསར་བའི་རྩོམ་རིག་མཁན་པོ་དང་བསམ་བློའི་སྣེ་ཁྲིད་པ་རྣམས་ལ་དམའ་འབེབ་དང་མཐོང་ཆུང་གི་ཚིག་མཚོན་འདེབས་མཁན་ཡིན་པ་ལས། འཛམ་གླིང་གཞན་པའི་རིག་གནས་སྔོག་འདོན་གྱི་ཕྱག་ལས་གནང་ནས་བོད་ཀྱི་རིག་གནས་ཀྱི་ཁང་བཟང་ལ་ལོ་ཙཱའི་ནང་བརྒྱན་སྤྲས་ཤིང་ཁ་གསབ་ཚད་ལྡན་རྒྱག་མཁན་གྱི་མི་བུ་གོ་ཆོད་ཅན་རེ་ཡིན་མི་འདུག་དྲན་ཡོང་།

      གོ་ལ་རིལ་མོའི་སྒང་གི་མི་རིགས་ཡོད་དོ་ཅོག་རིག་གནས་དཔལ་ཡོན་གྱི་དཔྱོད་ཤེས་ཀྱིས་བར་ཐག་བསྟུངས་ཤིང་གོ་ལ་གཅིག་ཅན་གྱི་དུས་རབས་ཀྱིས་ཉེ་བོ་བཏང་བའི་དེ་རིང་ནངས་ཀ། འཕྲོས་བསྐྱེད་རྫོགས་པའི་མི་རིགས་གཞན་པའི་ཤེས་རིག་སྣ་མང་གི་སྙིང་བཅུད་རྣམས། བོད་ལ་ནང་འདྲེན་ཐུབ་པའི་ལོ་ཙཱ་པའི་དཔུང་ཁག་གྲལ་འགྲིག་པོ་ཞིག བོད་ཀྱི་ཡི་གེ་རྩོམ་མཁན་གྱི་གྲས་ནས་འབྱུང་དགོས་རྒྱུ་ནི་བྱ་བ་དོན་དག་གལ་ཆེན་ཞིག་ཏུ་མི་མཐོང་ཀ་མེད་ཆགས་ཡོད། དེ་ཅི་ཕྱིར་ཟེར་ན། དུས་རབས་རྩ་གཅིག་པ་འདི་ལོ་ཙཱའི་དུས་རབས་ཤིག་ཀྱང་མ་རེད་ཅེས་སུས་ཀྱང་བརྗོད་མི་སྤོབས་པས་སོ།།

       འགྲོས་སྐྱེན་ལ་ཚད་ལྡན་པའི་འཛམ་གླིང་རིག་གནས་བརྗེ་སྒྱུར་གྱི་ཁོར་ཡུག་ལ་བསམ་སྟེ། རིག་གནས་དེབ་རྩོམ་ཆེ་ཕྲ་གང་ཡང་ཕར་བསྒྱུར་ཚུར་རྫོགས་ཀྱི་ཕྱག་ལས་གཉེར་བའི་བོད་ཀྱི་ལོ་ཙཱ་པའི་སྡེ་ལ་ཧོབ་ཀྱིས་བལྟས་ཤིང་ནན་གྱིས་གཞིགས་ན།  འོ་སྐོལ་བོད་ཀྱི་མི་ཐོགས་གསར་བའི་ཡིག་བསྒྱུར་གྱི་ལས་དོན་ལ་ཧེ་བག་སྟོབས་ཤིང་འཐུས་ཤོར་ཆེ་བའི་སྣང་ཚུལ་བཙོག་པོ་ཞིག་གིས་ང་ཚོ་ལ་མུ་ཁྱུད་སྐོར་བཞིན་པ་མཐོང་བར་སླའོ།།

        གང་ལྟར། སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་ཚེ་རིང་དོན་གྲུབ་ལགས་ཀྱིས་ཡུ་གུར་མི་རིགས་ཀྱི་སྐད་ཡིག་ཏུ་བསྒྱུར་བའི་རིག་གནས་ཚུར་ལེན་གླེང་བའི་ཚིག་ཤར་དེས། ཤེས་རིག་ལ་དོན་གྱིས་དགའ་ཞིང་ཡིག་བསྒྱུར་ལ་བརྩོན་པ་ཆེ་བའི་ཡུ་གུར་མི་རིགས་ཀྱི་ཡུམ་སྐད་ལས་བྱུང་བའི་སྙིང་སྟོབས་དང་། ཤེས་རབ་ལས་མཆེད་པའི་ལ་རྒྱ་སོགས་ཚོར་དུ་བཅུག་སོང་།  དེ་དང་དུས་མཚུངས་སུ། དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་མི་རིགས་གཞན་པའི་རིག་གཞུང་བཀའ་པོད་མང་བོ་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་གྲུབ་ནས། ང་ཚོ་དང་ཞལ་གྱེས་སོང་བའི་བོད་ཀྱི་མེས་པོ་ལོ་པཎ་གོང་མ་རྣམ་པ་ལ། བདག་གིས་ཚོར་བའི་ནང་ནས་ཁ་རོག་གེར་བཀའ་དྲིན་ཟོལ་མེད་ཅིག་ཀྱང་ཞུས་པ་ཡིན་ནོ། །

           གསལ་བཤད། ཡིག་བསྒྱུར་གྱི་ཕྱག་ལས་གནང་བཞིན་པའི་བོད་ཀྱི་ལས་ཐོག་ལོ་ཙཱ་པ་གཟུར་གནས་རྣམ་པ་འདི་ནས་གླེང་མེད་ལ་ཁོང་རྣམ་པར་གཟས་ཀྱང་མེད།

༢༠༡༥ ། ༡༢ ། ༦ ཉིན་བྲིས།

བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s