ད་ལོའི་དགུན་ཁར་ཆབ་ཆར་སྨྲས་པ།


སྨག་མདའ།

              དཔལ་མགོན་སྐྱབས། ༡༩༩༠ ལོའི་དགུན་སྨད་ཅིག་ལ་ཨ་མའི་ཚང་སྒམ་བཀད་དེ་མཚན་ཁ་གཤག་ནས་བཙན་ཤེད་ཀྱིས་མི་ཡུལ་དུ་སྐྱེས།   ཅི་ཡང་མི་ཤེས་ལ་གང་ཡང་མི་ནུས་པའི་འབྲོག་པ་ཞིག་ཡིན་མོད། མི་སེམས་སྙི་མོ་པང་ལ་བླངས་ཏེ་བརྩེ་དུང་ཟེར་ནས་མིག་ཆུ་བཞུར་ཤེས་པ་ཙམ་གྱིས་མི་ཚད་བར་ཐ་སྙད་དང་ཚིག་གྲུབ་སྤྱད་དེ་ཕོ་མོའི་བར་ལ་མཛའ་འབྲེལ་གྱི་ཆིངས་ཡིག་དམར་པོ་རེ་ཡང་འབྲི་ཤེས་ལ་བྲིས་ཀྱང་མྱོང་མཁན་ཞིག་ཡིན། སློབ་གྲྭ་ཆེ་ཆེ་ཞིག་ལ་འགྲོ་བའི་སྐལ་བ་རེག་མ་ཐུབ་ཀྱང་གསོ་རིག་ཟེར་བའི་གཞུང་ལུགས་ཆེ་ཆེ་ཞིག་ལ་འཐམ་ཡོད་པ་འདིས་ངོམ་ཆོག་ཆོག་གི་རང་གི་སྤོབས་པ་དེ་མཚོན་ཡོད།


དཀར་འཇམ་ཁ་བ་ལྷོད་ཀྱིས་འབབ་པའི་དུས་ཚིགས་དེ་ནི་གང་ནས་ཐོན།།
གྲང་ངར་རྩུབ་མོས་ས་རྡོ་བཀད་པའི་རྒྱ་སྟག་དེ་ནི་གང་གི་ཡིན།།
ནངས་དགོང་དུས་སུ་མཆེ་བ་གཙིགས་པའི་ཞེ་སྡང་དེ་ནི་གང་ནས་བསླབས།།
འབྲོག་པ་སྐེ་ནག་ཁོག་འདར་རྒྱག་བཞིན་སྐྱིད་སྡུག་འཚོ་བ་འདི་ནས་རོལ།།

ཆབ་ཆ་ཞེས་པའི་གྲོང་སྡེ་ཁྲ་མོར་ཁོ་བོ་མི་ལོ་དུ་མར་འདྲེས།།
རླུང་བུ་བཙན་ལ་མི་གཤིས་རྩུབ་པས་སུན་པའི་སུན་པ་ཅུང་ཙམ་སྐྱེ།།
ཤ་ཚའི་གཏམ་ལ་གསན་མཁན་མེད་དེ་སྙན་ངག་བྲིས་ཀྱང་ཀློག་མཁན་དབེན།།
རིགས་ལ་ཞེན་པའི་རུས་པ་མེད་དེ་ར་མིན་ལུག་མིན་གྲང་ལས་འདས།།

ཉི་མར་ལྡེ་བའི་བགྲེས་པོ་བགྲེས་མོས་བསྲེས་སྐད་སྦྲགས་གཏམ་ཡུན་གྱིས་འཆའ།།
ལོ་གསུམ་བྱིས་པ་སྣབས་ལུགས་ངག་ནས་༼ནའོ་དང་ཨོ་ཁའེ་༽ཆལ་ཆོལ་སྨྲ།།
འཆི་ལ་ཁད་དང་སྐྱེས་མ་ཐག་པའི་བགྲོད་དང་འཚར་ལོངས་འབྱུང་སྟངས་འདིས།།
སྨག་མདའི་སེམས་སུ་ད་ལོའི་དགུན་གྱི་རྡོ་དང་ལྕགས་འཁྱག་གླན་པ་འདྲ།།

ཤ་དར་ཁྲག་དར་ཟུངས་བཟང་དར་མར་ལས་ལ་བརྩོན་པའི་གཞོན་རྟགས་མེད།།
ཆང་གི་དམ་བེ་མེད་དུ་མི་རུང་མེད་ཚེ་འཚོ་གནས་སྟོང་བར་སེམས།།
སྐུ་ཤ་དཀར་བའི་མོ་གཞོན་དག་ལ་ཁྲེལ་དང་རང་ཚུགས་ཡེ་ནས་མེད།།
ཤོག་བུའི་གྲངས་ཀ་ཤག་ཤག་བརྩིས་ན་ཨེ་ཙི་ཡིན་ཡང་ཉོ་སྤོབས་ཆེ།།

ཕོ་བ་ལུགས་པའི་བོད་ཀྱི་དཔོན་པོར་བོད་ལ་བརྩེ་བའི་དུངས་པ་མེད།།
རང་གི་རིག་གནས་ཟ་སྤྱད་ཙམ་ལས་རིན་ཐང་མངའ་བ་མི་ཤེས་པར།།
མིང་དུ་བོད་ཀྱི་ལུས་ཁུངས་སོགས་སུ་དོན་གྱི་ཡིག་ཆ་བོད་ཡིག་མིན།།
མིང་དོན་གཉིས་ཀྱི་ཕྱི་ནང་འགལ་བའི་ཕྱི་རྫིག་ནང་བཙོག་འདི་ན་མང་།།

སློབ་གྲྭ་སོགས་སུ་སློབ་མ་མང་ཡང་སྣེ་ཁྲིད་དགེ་རྒན་ཅི་འདྲ་ཡིན།།
མཛུབ་སྟོན་བྱེད་པའི་སློབ་གསོའི་ལྟ་བ་ཡང་དག་ཡིན་ནམ་གྲལ་དག་མིན།།
གདུལ་བྱར་འཚང་བའི་བོད་ཀྱི་སློབ་མ་ཡ་རབས་ཡིན་ནམ་མ་རབས་ཡིན།།
རྐང་ལག་ཕྲ་བའི་སྐད་ཡིག་དེ་ལ་སྦྱང་བརྩོན་བྱས་ཚུལ་ཅི་འདྲ་འདུག།

སྲང་ལམ་གོང་ཞོལ་དཔའ་ལུང་ཚོང་བ་ཁ་ཆེ་སོགས་ཀྱིས་ཡོངས་སུ་བསྐོར།།
དངུལ་སྒོར་མོད་པའི་བོད་པ་དེ་ལ་བརྟན་ས་འཛིན་རྒྱུའི་ཀླད་ཤུགས་མེད།།
ཏ་ལེན་འཁུར་བའི་འབྲོག་པ་དང་ནི་བོང་བུ་འདེད་པའི་རོང་བ་སོགས།།
ས་གནས་འདི་རུ་ལྟེ་ཁྲག་གཏོར་ཡང་བདག་པོ་མིན་ལ་གླ་བ་ཡིན།།

ཀུན་གཟིགས་པཎ་ཆེན་ཉི་མའི་རང་མདངས་མི་དབང་ཡུན་གྱིས་ནུབ་པ་དང་།།
བློ་མཁས་དཔོན་པོ་ཟླ་བའི་བསིལ་ཟེར་གློ་བུར་རྐྱེན་གྱིས་བསྒྲིབས་པའི་རྗེས།།
ཆབ་འགག་གྲོང་དུ་མུན་པ་འཐིབ་ཀྱང་སེལ་བའི་འོད་སྣང་གང་ན་ཡོད།།
སྨག་མདའ་ང་ཡང་མི་སྐྱོ་དགུ་སྐྱོ་སྐྱོ་བའི་སྐྱོ་བ་སུ་ལ་བཤད།།

རླུང་གིས་བདས་པའི་སྐད་ཆ་ལྟར་ན་མཁས་མང་ཁྱུ་ཞིག་འཁྲུངས་ཡོད་ཟེར།།
གར་ཡོད་གང་སྒྲུབ་ནུས་མེད་དེ་ཚོ་མིག་དང་རྣ་སྒོར་དྲུད་མྱོང་མེད།
རྩོམ་རིགས་སྨྲ་དབང་རིག་པ་རང་གྲོལ་མུན་པའི་ནང་ནས་གཟིམས་པའི་རྗེས།།
ལོང་ཀྱོག་འདི་ན་རང་སྐྱ་ཐུབ་པའི་རྗེས་སྐྱོང་བ་ཞིག་ཨེ་ཡོད་ལགས།།

ཐ་སྙད་འགའ་རེ་མགོ་རྐང་སྒྲིག་པའི་ས་མཐའི་ཡུལ་གྱི་འབྲོག་ཕྲུག་ངས།།
ཆབ་ཆའི་གདོང་གི་ནག་ཐིག་བསུབ་སྟེ་དཀར་ཐིག་འབྲི་ལ་མི་སྤྲོ་བར།།
ཚིག་རྐང་དུ་མ་ཆུ་ལོག་བཞིན་དུ་ཆབ་ཆའི་ངོ་གདོང་བཀྲུས་པ་འདི།།
གོ་བར་ལོན་ཚེ་སེམས་གཏམ་ཡིན་ཞེས་སྨག་མདས་ཡང་ནས་ཡང་དུ་ཟློ།།

༡༢—༥ཉིན་ཆབ་ཆ་རུ།

བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s