ཐར་ལོ་དང་ང་ཚོ།

ལྡོང་སྲས་ཨ་བྷེ། (ནུབ་བྱང་།)

            དེང་སང་ཁ་ཅིག་ལ་མཚོན་ན།   སྐད་འཕྲིན་འདི་ཕན་ཚུན་ནང་ཁུལ་དུ་ཁ་འཛིང་དང་ཁྱད་གསོད་བྱེད་སྤྱད་ཀྱི་ལག་ཆ་ལྟ་བུ་ཞིག་ལས་ཅི་ཡང་མིན་ཙ་ན།   ཁོར་ཡུག་རྙོག་ཟིང་འདི་དག་གི་ནང་དུ་ལག་པ་བསྲིང་འདོད་ཀྱི་འདུན་པ་ཡེ་ནས་མེད་ཀྱང་།   ད་རེས་རང་གི་མྱོང་བ་དང་དྲན་ཚུལ་གང་ཞིག་གི་དབང་གིས་ཁ་ཞིག་གྲག་འདོད་བྱུང་།


 ༼༡༽

           ཚང་མས་ཨ་ཁུ་པད་ཚེ་ལགས་ཀྱི་གློག་བརྙན་དག་ཕྱིར་མི་སྟོན་པ་ཅི་ཡིན་ནམ་ཞེས་འཁང་ར་འདྲ་ཞིག་བྱེད་ཀྱིན་འདུག   དེར་ཡང་གནས་ལུགས་མེད་པ་ཞིག་རེད་ཅེས་བཤད་ཁག་པོ་རེད།    འོན་ཏེ།  ད་རེས་ཀྱི་གློག་བརྙན་ཐར་ལོའི་ངོས་ནས།   ཁོས་ཁ་སང་སྤྱང་ལྟོགས་སོགས་སུ་ལན་བྱིན་ཡོད་པ་དེས་ཀྱང་འཐུས།༼དྲི་བ་འདི་དང་འདི་མཚུངས་དག་ལ་ངས་ལན་མི་གདབ། རྒྱུན་ཤེས་ཙམ་རེད། རྒྱུན་ཤེས་ཡོད་མེད་མི་རང་རང་ལ་ཐུག་ཡོད། ངས་སྤེལ་བའི་གསལ་བསྒྲགས་དེའང་བཙན་གཏམ་མ་ཡིན་པར་རྒྱུན་ཤེས་ཙམ་རེད།རྒྱུན་ཤེས་ཡོད་མེད་ཀྱང་མི་རང་རང་ལ་ཐུག་ཡོད།༽ཅེས་པ་ལྟར།  ང་ཚོས་གློག་བརྙན་ཞེས་པ་འདིའི་སྤྱིའི་འགྲོ་ཕྱོགས་ཀྱི་རྒྱུན་ཤེས་ཙམ་ཡང་མ་ཤེས་པར་འུར་བརྒྱབ་ན།  དེ་ནི་རང་མཚང་ཕྱི་རུ་བསྟན་པ་ཙམ་ལས་ཅི་ཡང་མིན་ནོ་སྙམ།

           རྒྱུ་རྐྱེན་སླ་མོ་ཞིག་བཤད་ན།  ༼ཐར་ལོ༽ད་སོ་མ་རྩེབས་མ་ཐག་པའི་ལུ་གུ་ཞིག་དང་འདྲ་བར།  དེ་ལག་ཆགས་པའི་གོ་རིམ་ནི་འཛིན་བྱང票房གསོག་པ་སོགས་ཀྱི་གོ་རིམ་ཞིག་ཀྱང་རེད་འདོད།  ད་ལྟ་ཕྱིར་ཤོར་ནས་འཛིན་བྱང票房ཉོ་མཁན་མེད་སོང་ན། ཐར་ལོ་ལག་ཆགས་པའི་སྐལ་བ་མེད་སོང་བ་རེད།  དེ་དང་འབྲེལ་ནས་ཐར་ལོའི་རིན་ཐང་ཡང་མར་འགྲིབ་སོང་བ་རེད།    མ་རྩ་དང་སེམས་ཤུགས་མང་བོ་གློག་བརྙན་གྱི་སྟེང་དུ་བཀོལ་སོང་བའི་འཁྲབ་ཁྲིད་པ་ཞིག་ལ་མཚོན་ན།   གློག་བརྙན་བརྩམས་ཆོས་དེ་ཁོའི་ཚེ་སྲོག་ལྟ་བུ་རེད།

         དཔེ་ཞིག་དྲངས་ན།  དེ་སྔོན་ཆེས་རེ་བ་མཐོ་ཤོས་ཀྱི་དགྱ་ནག་གི་འཁྲབ་ཁྲིད་པ་ཅཱ་ཀྲང་ཁུག贾樟柯གི༼གནམ་གྱི་དགོངས་པ༽天注定ཞེས་པའང་།མཇུགཏུ་ཕྱི་ལ་ཤོར་བས་འཛིན་བྱང་གི་གྲངས་ཀ་ཡར་འཕགས་མ་ཐུབ་པར་མ་ཟད།  གློག་བརྙན་འདིའི་མ་རྩ་ཡང་རྦད་དེ་བརྡིབས་ཤིང་།   དེའི་འགྲོ་གྲོན་ཅི་ཤོར་ཚང་མ་འཁྲབ་ཁྲིད་པ་ཁོ་རང་གིས་སྐྱིན་ཚབ་འཇལ་དགོས་བྱུང་ཟེར་བ་ལྟ་བུའོ།།

          སྤྱིར་གློག་བརྙན་སྒྱུ་རྩལ་ཞིག་ལ་མཚོན་ན།  འཛིན་བྱང་ཁོ་ནས་གློག་བརྙན་དེའི་འཕར་ཆག་ལ་ཤུགས་རྐྱེན་ཆེར་མེད་ཟེར་ཡང་།  གློག་བརྙན་གང་དེའི་མ་རྩའི་ཕྱོགས་སུ་ཐད་ཀར་ཤུགས་རྐྱེན་བཟོ་སྲིད་དོ།།

          དེ་བས།   ལྷག་ཏུ་རང་ཅག་ལ་གློག་བརྙན་གྱི་ལས་རིགས་འདི་དར་ནས་ཡུན་རིང་བོ་ཕྱིན་མེད་པས།  འཛིན་བྱང་གི་ཁ་གྲངས་དང་བྱ་དགའི་ཆེད་དུ་མི་བརྩོན་ཐབས་མེད་ཡིན་ངེས།   ད་དུང་ཡང་གོ་ནི་གོ་ནི་ཞིག་བཤད་ན།   འབྲོག་པ་ཚོས་ཟོག་ལུག་དག་རིན་གོང་མཐོན་པོ་ཞིག་ལ་འགྲོ་ཆེད་དུ།   རྩྭ་རའི་ནང་དུ་བཀག་ནས་ཤ་ཤེད་ཅིག་རྒྱས་སུ་འཇུག་བཞིན་པ་དེ་ལྟ་བུ་རེད། ཐར་ལོར་ཡང་འཛིན་བྱང་མང་བོ་ཞིག་བསག་ནས་དེའི་མ་རྩ་དང་།  མུ་མཐུད་ནས་རྒྱལ་སྤྱིའི་གློག་བརྙན་གར་སྟེགས་སོགས་སུ་འབུད་ཐུབ་པའི་ཐོབ་ཐང་བརྩོན་ལེན་བྱ་དགོས་པ་དེའོ།།


༼༢༽

          ཐར་ལོ་ཕྱིར་ཤོར་བ་འདིས་ཁོ་རང་སྟེང་ལ་གྱོང་གུད་ཅིག་བཟོས་ཡོད་ཀྱང་།   ང་ཚོའི་ཕྱི་རབས་པའི་གློག་བརྙན་བཟོ་མཁན་དག་ལ་མཚོན་ན།   བསླབ་བྱ་ཞིག་དང་ཉམས་མྱོང་ཞིག་གནངས་བྱུང་བས།   ཆེས་ཐོག་མའི་གློག་བརྙན་གྱི་ལམ་དུ་འཇུག་མཁན་ཚོའི་ཁ་སྣ་ཐང་ལ་མི་རྒྱག་པར་ཕན་པ་ཨེན་ཙམ་འཐོག་ཨེ་ཡོང་སྙམ།

        ད་དུང་ཡང་དེ་དང་འབྲེལ་ནས།  འགའ་ཞིག་གིས་ཁྱི་ལ་རྡོ་འཕངས་པ་ལྟར།   དོན་དག་གི་འབྱུང་ཁུངས་དངོས་ལ་མི་དཔྱད་པར།  གང་བྱུང་དུ་ཅིག་ཅིག་གི་ངལ་རྩོལ་འབྲས་བུ་ལ་བརྩི་བཀུར་མ་བྱས་པས།  ངོ་ཚ་མེད་པ་དང་ཀུན་སྤྱོད་མེད་ཚུལ་སོགས་བཤད།   དོན་དུ་གཞན་གྱི་ངལ་རྩོལ་འབྲས་བུ་ལ་བརྩི་བཀུར་མི་བྱེད་མཁན་སུ་རེད་ཟེར་ན།  མི་གཅིག་སྟེ་གློག་བརྙན༼ཐར་ལོ༽ཕྱིར་འཆོར་དུ་འཇུག་མཁན་གྱི་མི་དེ་ཁོ་རང་རེད།   དེ་འཁྲབ་ཁྲིད་པ་ཁོ་རང་ངམ།   ཡང་ན་ནང་གྲོགས་ཤིག་ཡིན་ཡང་སྲིད་པས།  ང་ཚོས་དེར་སྐལ་མེད་སར་སྐེ་དང་། བར་མེད་སར་ཆི་དེ་བརྡབ་དགོས་དོན་མི་འདུག་སྙམ།


༼༣༽

        ཨ་ཁུ་པད་ཚེ་ལགས་ཀྱི་གློག་བརྙན་དག ང་ཚོ་བོད་ཀྱི་གློག་བརྙན་གྲས་སུ་ཡོད་ཀྱང་།  བོད་མི་ཚོས་བལྟ་མི་ཐུབ་ཅེས་པ་དེའོ།།  དེར་རང་སྟེང་གི་དྲན་ཕྱོགས་ཐོར་བུ་ཞིག་བཤད་ན།   ང་ཚོ་བོད་ཁུལ་ལ་མཚོན་ན།  ད་དུང་ཡང་གློག་བརྙན་གྱི་ཐད་དུ་མྱ་ངན་གྱི་བྱེ་མའི་ཐང་ཆེན་ཞིག་དང་འདྲ་བར།  དེར་དོ་སྣང་ཡོད་མཁན་བརྒྱ་ཆའི་སུམ་ཅུ་ཙམ་སྟེ།  སློབ་གྲྭ་བ་དང་གྲྭ་བ།  ལས་བྱེད་འགའ་རེ་ལས་ཅི་ཡོད།   དེར་མ་ཟད།   ཚང་མས་སོམས་དང་།   ང་ཚོ་རང་ཡུལ་གྱི་མི་དག་ལ་མཚོན་ན།  པད་མ་ཚེ་བརྟན་ཟེར་བ་འདིའི་མིང་ཐོས་མྱོང་མཁན་ཡང་ཉུང་ཉུང་ཡིན་སྲིད།  དེ་བས།  ང་ཚོར་གློག་བརྙན་ཆེན་པོ་ཞིག་འགྲེམ་སྟོན་བྱེད་སའི་གར་སྟེགས་ཤིག་གང་ན་ཡོད།  དེ་ནི་བོད་ཀྱི་མི་ཞིག་གིས་འཁྲབ་པས་ལན་པ་མ་ཡིན་པར།   ང་ཚོ་བོད་ཀྱི་མང་ཚོགས་སྤྱིའི་ཆུ་ཚད་ལན་པས་རེད།

       དེ་བས་ང་ཚོ་བོད་ཀྱི་གློག་བརྙན་ཚད་ཅུང་མཐོ་ཤོས་དག་ནི་ཁྱིམ་གཞི་སྟོང་བའི་དྭ་ཕྲུག་དག་དང་འདྲ་བར།  རྒྱལ་ནང་དང་ཕྱི་གླིང་དག་ཏུ་འཁྱམས་པ་ལས་ཐབས་ཅི།

      གལ་སྲིད་ང་ཚོའི་མང་ཚོགས་ཚོའི་གློག་བརྙན་ཐད་ཀྱི་དགའ་མོས་དང་།  ཁོར་ཡུག་ལེགས་པོ་ཞིག་ཆགས་ནུས་ཚེ།  བོད་ཀྱི་གློག་བརྙན་རང་ཤུགས་སུ་བོད་ལའང་དབང་བ་རེད།

     ང་ཚོ་ཉམས་མྱོང་དང་ལག་ལེན་དུ་བསྟར་མ་མྱོང་བ་དག་གི་སྣང་ངོས་སུ།     གློག་བརྙན་ཞེས་པ་ནི་དེང་སྐབས་ང་ཚོས་རྩོམ་ཡིག་འགའ་ཕྱོགས་གཅིག་ཏུ་བསྡུས་རྗེས།   དུས་དེབ་དང་ཚགས་ཤོག་མང་བོ་ལྕི་བ་གཏོང་གཏོང་བྱེད་བཞིན་པ་དང་འདྲ་བར།  ཧ་ཅང་གི་ལས་སླ་མོ་ཞིག་ཡིན་པར་བསམས་པ་ལས།  གློག་བརྙན་ཞེས་པ་དེའི་ལྟག་རྒྱབ་ཀྱི་འཁྲབ་ཁྲིད་པ་དང་། ལས་བཟོ་བ་དག་གིས་མྱངས་པའི་དཀའ་སྡུག་དང་།   འགན་འཁྲི། སེམས་ངལ་སོགས་ཚོར་ཐུབ་ཀྱི་མི་འདུག་པ་དེའོ།།

ཞེས་སྤྱི་ལོ༢༠༡༥ལོསི་ཟླ༡༢པའི་ཚེས༨ཉིན་དྲན་ཚུལ་ཐོར་བུ་སྦེལ་བའོ།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s