སྐྱེས་པ་ཚོར་རེ་བ་མ་བྱེད།

བུད་མེད་ཀྱི་ཐོབ་ཐང་བུད་མེད་རང་ནས་བརྩོན་ལེན་བྱོས། སྐྱེས་པ་ཚོར་རེ་བ་མ་བྱེད། 

___ཆོས་སྐྱོང་རྒྱལ། (མཚོ་ལྷོ།)

            ཉིན་དགའི་སྔོན་ལ། དྲྭ་ངོས་དག་ཏུ་བོད་ཟླ ༡༠ ཚེས ༡༥ ནི་བོད་ཀྱི་བུད་མེད་རྣམས་ཀྱི་དུས་ཆེན་ཡིན་ཚུལ་དང་ཁོ་པ་དག་ལ་རྟེན་འབྲེལ་ཞུ་བའི་ཡིག་རིགས་ཀྱིས་གང་འདུག  ལོས་ཡིན་ཏེ། བོད་ཀྱི་གནའ་དེང་ལོ་རྒྱུས་ཀྱི་ཕྲེང་བ་རིང་མོ་ན། བོད་ཀྱི་བུད་མེད་དག་ནི་ཁྱིམ་ཚང་དང་རྒྱལ་ཁབ། ཆོས་ལུགས་དང་རིག་གནས་[1]གང་གི་ཆ་ལ་ཡང་བྱས་རྗེས་ཆེ་བ་ལས། ཞབས་འདྲེན་བྱས་པ་ཤིན་ཏུ་ཉུང་། བུད་མེད་རྣམས་ཀྱི་དཀའ་དྲིན་དང་གནད་ཆེན་རྟོགས་པའི་སྐྱེས་བུ་མང་བོས། རྟག་ཏུ་ངའི་ཨ་མ་ནི་ངའི་ཨ་མ་ཡིན་ལ་བླ་མ་ཡང་ཡིན་གསུངས་པ་དང་། སྒྲོལ་མའི་ལུང་གནང་སྐབས་ཀྱང་ཆུང་དུས་ཨ་མས་བསླབས་པའི་སྒྲ་གཞིན་གནང་བ་[2]དང་།  བུ་མོའི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ། ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན་ཅེས་གསུངས་ཤིང་དེའི་དགོངས་དོན་བསྒྲུབ་པའི་སློབ་གྲྭ་བཙུགས་པ།[3] བོད་ཀྱི་བུད་མེད་ནི་བོད་ཀྱི་ས་གཞི་ཡིན།ས་གཞི་འདི་ལས་བོད་མི་རིགས་ཀྱི་འཇིག་རྟེན་གྲུབ། མི་རིགས་འདིའི་མདུན་ལམ་ཡང་མི་རིགས་འདིའི་བུད་མེད་དག་ལ་ཐུག་ཡོད་ལ། མི་རིགས་འདིའི་རྒྱུ་སྤུས་ཀྱང་མི་རིགས་འདིའི་བུད་མེད་དག་ལ་འབྲེལ་ཡོད། དེ་བས་མི་རིགས་འདིའི་བུད་མེད་དག་ཤེས་རིག་ལྡན་ཞིང་། སྙིང་སྟོབས་རྒྱས་པ།གཞན་ཕན་ལ་བརྩོན་པ་སྟེ་དཔའ་མཛངས་འཕྲུལ་གསུམ་གྱི་བུད་མེད་དུ་གསོ་ཞིང་སྐྱོང་བ་ནི་ང་ཚོ་མི་རིགས་འདིར་སེམས་ཁུར་བྱེད་པ་ཐམས་ཅད་ཀྱི་འོས་འགན་ཡིན། བོད་ཀྱི་བུད་མེད་ཚོས་སྤྲེལ་ཚ་གདོང་དམར་གྱི་བུ་རབས་ཚ་རྒྱུད་ཀྱི་དོན་དུ་དཀའ་སྡུག་རི་བོ་ཕྲག་ཏུ་འཁུར་ཞིང་། རྩོལ་བའི་ཆུ་རྒྱུན་རིང་མོ་ཆད་པ་མེད་པར་མདུན་དུ་སྐྱོད་བཞིན་ཡོད། ངོ་མ་བོད་ཀྱི་བུད་མེད་དག་ལ་སེམས་གཏམ་ཞིག་བཤད་ན་ཁྱོད་ཚོས་དཀའ་སྡུག་མྱངས་པ་མང་དྲགས་སོང་། དེ་བས་བུད་མེད་དག་ལ་འཚམ་འདྲིའི་སླད་དང་། བུད་མེད་དག་ལ་དགའ་སྟོན་གྱི་ཆེད་དུ་ང་ཚོས་བོད་ཟླ་བཅུ་བའི་ཚེས་བཅོ་ལྔ་དེ་བོད་ཀྱི་བུད་མེད་ཀྱི་དུས་ཆེན་ལ་གཏན་ལ་ཕབ་པ་ཡིན། [4] ཅེས་གནས་ལུགས་བརྩེ་བའི་རླབས་ཀྱིས་སྐྱོམ་བཞིན་གསུངས་འདུག འོན་ཏེ། རེ་ཐག་གཏིང་ནས་གཅོད་པ་ཞིག་ལ། ཡང་ཉིན་དགའི་སྔོན་ལ་བརྡ་ཁྱབ་ཅིག་རླུང་ནག་འཚུབ་མས་དེད་པའི་གད་སྙིགས་བཞིན་མི་སྒེར་སོ་སོའི་དྲ་བར་ལ་འཚང་གིན་འདུག བརྡ་ཁྱབ་དེས་བསྒྲུབ་དོན་ཡང་བོད་ཟླ༡༠ ཚེས ༡༥ ལ་གཏན་འཁེལ་བྱས་འདུག ས་ཧོལ་ཁའི་སྐྱེས་པ་ཚོས་ནི་དོན་དེ་ཁྱབ་བསྒྲགས་ལོས་བྱེད་དེ། ཡིད་ལྷག་པར་ཆད་པ་ཞིག་ལ་ཡིག་ནོར་དོན་ནོར་ཀྱིས་མགོ་རྔ་བར་གསུམ་གང་བའི་བརྡ་ཁྱབ་དེ་ས་ཧོལ་ཁའི་བུད་མེད་འགས་ཀྱང་སྤེལ་བཞིན་འདུག ངོ་མ་ཁོ་ཚོས་རང་གི་དུས་ཆེན་བརྗེད་སོང་བ་ཡིན་ནམ། རང་གི་དུས་ཆེན་དམིགས་བསལ་བ་འདིར། སྐྱེས་པ་དག་རྡོ་ལོག་ཕན་ཚུན་འཕྲད་པའི་ཐག་སྒྲ་དང་དུ་ཞགས་འཁྲིགས་པའི་ཁང་ཆེན་དེ་ལ་སོང་ཤུལ་དུ། རང་ཉིད་ཁེར་རྐྱང་དུ་འདུག་བསམ་པ་ཡིན་ནམ། རྩ་བ་ནས་ཧ་གོ་མ་སོང་།  དུས་ཚོད་ནི་ལྕགས་བྱ་ལས་ཀྱང་མགྱོགས་པས་བོད་ཟླ ༡༠ ཚེས ༡༥ ཉིན་ནི་སྐད་ཅིག་ལ་སླེབས་སོང་། ཉིན་དེར་ཧོལ་ཁ་ཞེས་པའི་གྲོང་རྡལ་ཆུང་ཆུང་དེ་རུ་བོད་ཀྱི་བུད་མེད་ཚོའི་དུས་ཆེན་དང་ཁོ་པ་ཚོར་རྟེན་འབྲེལ་ཞུ་བའི་རྟགས་དང་ཡོ་ལང་ཁབ་རྩེ་ཙམ་ཡང་མེད་པར། ཐ་ན་དུས་ཆེན་འདི་ལྟ་བུ་ཞིག་ཡོད་པའང་མ་ཤེས་པའམ་གཏིང་བརྗེད་དུ་གྱུར་འདུག མི་རྣམས་ཀྱི་ཁ་ན་ཤུགས་ཀྱིས་གྲག་པའི་སྒྲ་སྐད་ནི་དེ་རིང་འདི་རུ་སྟེགས་གྲུག(台球)འགྲན་བསྡར་ཆེན་མོ་ཞིག་སྤེལ་གྱིན་པ་དེ་རེད། ཞིབ་ཏུ་བསམ་ན་ང་ནི་དེ་ལ་ཧང་སངས་པ་དང་ཧ་ལས་པ་དགོས་པ་ཅི་ཡང་མེད་དེ། ས་འདིར་དེ་ནི་རྒྱུན་མཐོང་ཞིག་དང་གཙོ་རྒྱུགས་ཤིག་ཡིན། དེ་ཡང་ཉིན་དགའི་སྔོན་ལ་ས་ཧོལ་ཁའི་སྐྱེས་པ་དང་བུད་མེད་འགས་ཤུགས་ཀྱིས་སྒྲོག་གིན་པ་དེ་རེད། དེ་རིང་སྟེགས་གྲུག་མཁས་པ(高手)དག་ས་ཆ་སོ་སོ་ནས་༼ཆབ་ཆ་དང་། མང་རྫོང་། བྲག་དཀར་རྫོང་། འབའ་རྫོང་སོགས། ༽དཀའ་ངལ་ལ་མ་ལྟོས་པར་འདི་ལ་འཛོམས། འཛོམས་ནས་ཀྱང་ཆང་དང་དུ་བ། ཚད་མེད་པའི་ཁ་ཕོ་སོགས་སྐྱེས་ཕོ་རབ་ཅིག་གིས་ངོམ་རི་བའི་དངོས་པོ་དག་ཕན་ཚུན་འཁྲུགས་པ་བཞིན་ཁང་བའི་ནང་ཡོངས་སུ་གང་། འགྲན་ཞུགས་པ་དང་ལྟད་མོ་བས་གང་ནས་སྒོར་ཡང་འབུད་དཀའ་འོ་ཟེར། ལན་རེར། རྡོ་ལོག་འཕྲད་པའི་ཐག་སྒྲ་དག་འུར་སྒྲས་མནན་ནས་འཚུབ་ཆ་ཤིག་སེ་འགྲོ། སྐབས་རེར། ཡོད་ཚོད་འཇམ་ཅག་གེར་ཅི་ཞིག་ལ་སེམས་ཆུང་བྱེད། དུ་ཞགས་རྣམས་གར་གོར་དང་ནར་ནོར་ཀྱིས་ཁྱིམ་ལ་འཁོར། ཆང་དྲི་ནི་ཤུགས་ཀྱིས་བཙངས། ལྟད་མོ་མཐོང་འདོད་ཀྱིས་བཙན་དང་ཤུགས་ལ་བརྟེན།  སྔ་དྲོ་ནས་ཉིན་གུང་། ཕྱི་དྲོ་ནས་ས་སྲོད། ནམ་སྟོད་ནམ་སྨད། སྐྱ་རེངས་བཀྱགས་ནས་ཉི་མ་བསུས། ཁོ་ཚོ་ད་དུང་རྡོ་ལོག་གི་ཐག་སྒྲའི་ཁྲོད་ན་འཁོར། སྐབས་དང་སྐབས་སུ། རེ་དོགས་ཀྱི་སེམས་པ་ཤུགས་དྲགས་པས། ཨ་མྱེས་ཡུལ་ལྷ་དང་ཨ་མྱེས་བཱ་ཡན་སོགས་རང་གིས་གང་མཆོད་པའི་གཞི་བདག་དག་འབོད་ལ། ཐ་ན། རྗེ་བཙུན་སྒྲོལ་མ་དང་དཔལ་ལྡན་ལྷ་མོ། དཀོན་མཆོག་གསུམ་ལ་ཡང་གསོལ་བ་འདེབས།  དེ་དག་དུ་ཆང་གི་དྲི་མ་མེར་ཀྱིས་འཁྱིལ་བའི་ཁྲོད་ལ་བྱོན་ནས། རྡོ་ལོག་དག་གང་འདོད་དུ་ཁ་ལོ་བསྒྱུར་བའི་རྫུ་འཕྲུལ་སྟོན་སྲིད་དམ། འདི་ནི་ན་གཞོན་གྱི་སྤོབས་པ་སྟེ། འདི་ནི་ལང་ཚོའི་ཟིལ་ཤུགས་ཡིན་ནམ། ཁ་སང་བོད་ཀྱི་བུད་མེད་ཀྱི་དུས་ཆེན་ཡིན་པ་ཁོ་ཚོ་སུས་ཀྱང་རྟོགས་མི་སྲིད། རླབས་ཆེ་བའི་བོད་ཀྱི་བུད་མེད་ཚོ་སྟེ།

             དབུ་ལ་ཁ་བ་ལྷུང་བའི་ཨ་མ་དང་། འཛུམ་ཆུང་གྲོལ་བའི་སྲིང་མོ།སྙིང་ ལ་དྲོ་བའི་མཛའ་མོ། ཞེ་ལ་འཁོར་བའི་ཆུང་མ། རེ་བའི་ཁེངས་པའི་བུ་མོ། ཁ་སང་འདི་དག་གི་དུས་ཆེན་ཡིན། ས་ཁང་ས་ཧོལ་ཁའི་སྐྱེས་པ་ཚོ་དང་། ཆེད་དུ་ཧོལ་ཁར་འཛོམས་པའི་སྐྱེས་པ་ཚོས་འདི་ལྟར་བོད་ཀྱི་བུད་མེད་ཀྱི་དུས་ཆེན་རོལ། དགའ་སྤྲོ་ཆེན་པོས། རེ་དོགས་འཚུབ་པས་ཚད་དང་མཐའ་མེད་པར་རོལ། སྤྱིར་ཡིན་ན། ཁྱོད་ས་ཁང་གཅིག་བུར་རང་ཁྱིམ་དྲོན་མོར་ལོག་ན་འོས། དྲིན་ཆེ་བའི་ཨ་མར་ཞེ་ལྷོད་པའི་ཁ་བརྡ་ཞིག་མཁོ། མིག་ཟུང་དྭངས་པའི་སྲིང་མོར་བཀྲ་ཤིས་པའི་སྙན་ཚིག་ཅིག་གལ། བློ་དཀར་བའི་ཆུང་མས་ཞེ་ཚིམ་པའི་ཤ་དྲོད་ཅིག ཡང་ན་སྙིང་གཏམ་ཞིག་ལ་རེ། 

            སྤྱིར་ཡིན་ན། ཁྱོད་ཁ་སང་གཅིག་བུར་རང་གི་འཛའ་མོ་དང་བུ་མོའི་གམ་ལ་ཐོན་ན་འོས། སྙིང་གི་ཐིག་ལེར་སྒོམ་པའི་མཛའ་མོར་ཞིམ་པའི་འོ་ཞིག་གམ། དུངས་པའི་གཏམ་ཞིག བརྩེ་མའི་ཤ་དྲོད་ཅིག་མཁོ། ཁྱོད་ལ་འདང་ཆེ་བའི་བུ་མོས་ཨ་ཕ་བལྟ་རུ་སླེབས་པར་ཞེ་དྭངས་མོས་རེ་སྒུག་བྱས་ཡོད་སྲིད།  ཁ་སང་། ཁྱོད་ཀྱིས་གོ་སྐབས་ཡག་པོ་འདི་དག་དུ་ཞགས་ཀྱི་ཁྲོད་དང་། རྡོ་ལོག་གི་ཐུ་འོག་ནས་བློས་བཏང་སོང་།  མི་རིགས་གཞན་གྱི་བུད་མེད་ཚོར་རང་གི་དུས་ཆེན་ནི་ལྷན་འཛོམས་དང་དགའ་སྤྲོས་རོལ་བའི་སྐལ་བཟང་ངོ་མཚར་བ་ཡོད། ས་ཧོལ་ཁའི་བུད་མེད་ཚོ་ད་ཙམ་གྱི་བསོད་ནམས་ཀྱང་མེད། བོད་ཀྱི་ཡུལ་གྲུ་མང་བོ་ཞིག་ལ་ཡོད་མི་སྲིད། སྐལ་བ་བཟང་བོ་དེ་ནམ་ཞིག་ལ་ཤར་སྲིད་དམ། སྤྱིར་ན་འདི་དག་ནི་རྩེད་མོ་ཙམ་ཡིན་པས་ཧ་ལས་དགོས་པ་དང་ཐན་དུ་བལྟ་དགོས་པ་མེད་མོད། རིག་པ་ངན་པ་དང་རྨོངས་པ་ཆེན་པོ་ཉིས་འཛོམས་སུ་གྱུར་པས་ཚོང་བ་དག་གི་རྒྱུ་བཙལ་ཐབས་སུ་སོང་། དུས་ཚོད་དང་དཔལ་འབྱོར། མཛའ་བརྩེ་གསུམ་མེད་དུ་གྱུར་པས་འདི་དག་ནི་ཐལ་མཐར་ལྷུང་ཞིང་གནོད་ཚབས་ཅི་བས་ཆེ་ཨང་། སྲོལ་ངན་འདི་དང་འདི་འདྲ་བ་ནི་རྩ་བ་རྒྱུད་པ་དང་བཅས་པ་ཐེ་ཚོམ་མེད་པར་མེད་པར་བྱ་འོས། མ་གཞི་སྲོལ་ངན་འདི་དག་གཙང་སེལ་བྱ་བར་སྡེ་བའི་འགོ་ཁྲིད་ཚོས་སྡེ་བ་བྱིངས་ཀྱི་འགྲིག་སྲོལ་ལ་བཞག ཡར་ཞུ་བྱས་ནས་ཁྲིམས་ཀྱིས་བཀག སྒོ་ཀུན་ནས་སློབ་གསོ་སྤེལ་ན་རྒྱུན་ཆོད་སྲིད་མོད། གསལ་བོར་མཐོང་བ་ནི་ཁོ་ཚོར་བཅིངས་པའི་རེ་བ་འདི་མཐོ་དྲགས་འདུག་སྟེ། ཞིབ་ཏུ་བསམ་ན་ཁོ་ཚོ་སུ་ཞིག་ལས་ངན་འདི་ལ་ཞུགས་མ་མྱོང་།  ཞུགས་མ་མྱོང་བ་རེ་འགའ་ཡོད་སྲིད་་ཀྱང་། དེ་དྲན་སྲིད་དམ། སྲིད་ན་ནི་དུས་རན་པའི་མི་ཚད་ཤིན་ཏུ་འཕྱི་འདུག་གོ། མང་བོ་ཞིག་རང་གི་ཁེ་ཕན་ལ་མི་གནོད་ན་ཇོ་བཟང་གི་མིང་ལ་རེ་ནས་བཟང་ངན་གྱི་སྐད་ཆ་ཙམ་ཡང་རྗོད་མི་ཕོད། ད་རེས་མ་བབ་པའི་གནས་ལུགས་འདི་བཤད་པས་མང་བོ་ཞིག་གིས་མངོན་ལྐོག་ཀུན་ནས་རུབ་བཤད་བྱ་སྲིད་པ་ཁོ་བོས་རྟོགས་མོད། རྒྱུ་མཚན་དང་གནས་ལུགས་སྲོག་ལ་བཟུང་ནས་རྩོད་གླེང་བྱ་འདོད་ཚེ་ཤོག་དང་ལྷོད་དང་འཛུམ་གྱིས་ཁ་བརྡ་བྱ་ཆོག་ལ། ཨུ་ཚུགས་ནག་པོས་གཡག་སྣ་ཁུ་ཚུར་གྱིས་ཕུག་འདོད་ན་ནི་བླ་མ་བདག་ཉིད་ཆེན་མོའི་ངེས་དགོས་པ་ཞིག་ལ་མཚམས་རེར་ཅི་ཡང་མི་སྨྲ་བ་ནི་ལན་ཡག་ཤོས་ཡིན་ཅེས་པའི་དགམས་ངག་དེ་སྙིང་ལ་སྒོམ་བཞིན་འཛུམ་གྱིས་འདུག་རྒྱུ་ཡིན། འདི་ནི་བོད་ཀྱི་བུད་མེད་གཙོས་པའི་མི་རིགས་འདིའི་ཆེད་དུ་བྲིས་པ་ལས་དགག་ཡུལ་ལ་བསམས་ན་དུས་ཚོད་བརླག་པ་ལས་ཅི། 

སྤྱི་ལོའི 2015ལོའི་བོད་ཟླ10ཚེས16ཉིན་ས་ཧོལ་ཁར་ཆོས་སྐྱོང་རྒྱལ་ལམ་དུང་གཤོག་ཁ་བར་འབོད་པས་བྲིས། 

ཡོང་ཁུངས་བོད་ནང་གི་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s