གླིང་འབྲུག་མོ། (བོད)

སྨག་མདའ།༼མཚོ་ལྷོ།༽

རི་ཚོགས་ཚར་དུ་དངར་བའི་ཕ་རོལ་ན།།
པདྨའི་ལོ་འདབ་རྒྱས་པའི་སྤང་ཐང་ན།།
འཛུམ་གྱིས་སྙན་ངག་འབྲི་བའི་གླིང་འབྲུག་མོ།།
ཅང་མེད་སྨག་མདའི་སེམས་ཀྱི་དྲོད་ཐིགས་ཡིན།།

ནམ་མཁའ་ཐེད་པོ་འདི་ཡི་མཆན་འོག་ན།།
དལ་འབབ་རྨ་ཀླུང་སྒེག་མོའི་ལྟོ་རྒྱུད་ན།།
མིག་ཆུས་ལས་དབང་གླེང་བའི་གླིང་འབྲུག་མོ།།
རུས་རྐང་གཏིང་ནས་འབྲད་པའི་ཚོར་བ་ཡིན།།

སྟོན་གྱི་སྤྲིན་པ་ལེབ་མོའི་རྩིག་ངོས་ན།།
ཁྲུང་ཁྲུང་མོན་ལ་བསྲིང་བའི་གཤོག་བར་ན།།
བརྩེ་བའི་ཆབ་རྒྱུན་གཏོར་བའི་གླིང་འབྲུག་མོ།།
མི་ལོ་ཉེར་ལྔའི་སྒང་གི་རློན་ཐིགས་ཡིན།།

ཡར་བལྟས་བྲག་རི་སྤྲེལ་རྫོང་དག་པའི་ཞིང་།།
རི་སྐྱེས་སྲོག་ཆགས་བག་ཡངས་རྒྱུ་བའི་ཡུལ།།
མཁའ་འགྲོའི་རང་གཟུགས་བྱོན་པའི་གླིང་འབྲུག་མོ།།
མི་ཁའི་ན་བུན་ཀློང་གི་རྫི་གླུ་ཡིན།།

ལྕང་མའི་ལོ་མ་བརྒྱད་པའི་རླུང་གིས་ཤད།།
རྐང་འཐུང་འདབ་ལོ་སད་དང་སེར་གྱིས་བསྡུས།།
དབྱར་ནས་སྟོན་སར་སྙེག་པའི་གླིང་འབྲུག་མོ།།
སྒྲོལ་མ་ལྗང་གུ་ཞིག་གི་རྣམ་སྤྲུལ་ཡིན།།

ཚེ་སྔོན་ལས་འབྲས་གང་ཞིག་བསགས་པའི་མཐུས།།
རི་སྡེ་སྟོད་དང་སྨད་ཀྱི་ལྟེབས་ནས་སྐྱེས།།
ཆུང་དུས་གནས་ལ་བརྫངས་པའི་གླིང་འབྲུག་མོ།།
གཏམ་རྒྱུད་དམར་པོ་ཞིག་གི་སྲོག་ཤིང་ཡིན།།

འཇིག་རྟེན་རྙིང་བའི་མི་ལ་ཨུ་ཚུགས་ཆེ།།
རང་འཐད་གཉེན་གྱི་ལམ་ལུགས་ཆུང་བར་བརྩི།།
རྒྱུས་མེད་ས་མཐར་སྤྱུགས་པའི་གླིང་འབྲུག་མོ།།
གནས་མ་ཡིན་ཡང་སྲོག་གི་དྭངས་མ་ཡིན།།

འབྲོག་ས་ལྷ་སྡེ་བྱིན་ཆགས་གཡང་གི་ས།།
བྲག་དཀར་རྩྭ་ཐང་སྒྱུ་སྩལ་པིར་གྱིས་བྲིས།།
འབྲོག་ཁྱིམ་སྨུག་པོ་བསྲུང་བའི་གླིང་འབྲུག་མོ།།
ལྟ་སྒོམ་བྱེད་སའི་འོད་འཆང་ལྷ་མོ་ཡིན།།

རྫ་ཆུ་ལྷུང་ལྷུང་རྩེན་སའི་འབྲོག་པའི་ས།།
དཀར་ནག་གཡང་ཟོག་རྡེའུ་འབུམ་ཐང་མར་བརྡལ།།
འུར་ཆ་ཟད་པོ་འཛིན་པའི་གླིང་འབྲུག་མོ།།
རེ་འདུན་ཆེ་ཆེ་ཞིག་གི་ཡང་སྙིང་ཡིན།།

ཁྲི་ཤོར་མཚོ་མོས་དགུན་ལ་རླབས་ཕྲེང་སྟེར།།
གསེར་ཆེན་རྫ་རིས་དབྱར་ལ་ཁ་བ་འཛིན།།
དུས་ཚིགས་ཁྱད་མེད་རླུང་བུ་འཚུབ་པའི་ས།།
དྲན་པའི་མེ་ཕུང་སྐོར་བྲོ་འཁྲབ་ས་ཡིན།།

ཚིག་དོན་ཐ་སྙད་བརྒྱུས་པའི་སྙན་ངག་ཆེ།།
སྙིང་བོ་འབུར་དུ་ཐོན་པའི་བརྗོད་སྙིང་ཆེ།།
ཕྲག་དོག་མི་ཁའི་ཁྲོད་ཀྱི་ཆེ་ཆེ་འདི།།
དབུལ་བོ་སྨག་མདས་གླིང་གི་འབྲུག་མོར་བྲིས།།

༩–༡༦ཉིན་ཆབ་ཆ་རུ།

བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s