རྐང་ཚའི་ཆོས་བཟང་།

སྣུམ་ཀྱུག་ཀྱུག་གི་གཞུང་ལམ་སྟེང་ལ།།
འོད་ཀྲིག་ཀྲིག་གི་འཇེབས་འཁོར་ཤར་རེར།།
རི་ལ་ལུང་གི་ལྡེབ་མ་བཅད་དེ།།
ས་ཟི་ལིང་གི་མཛེས་ལྗོངས་རོལ་ཡོད།།

བྱང་རི་བོ་ཡི་འདབས་ཞོལ་དེ་རུ།།
མགྱོགས་མྱུར་ལམ་གྱི་སྟེང་ལ་བུད་ནས།།
ལྷོ་ལྷ་མོ་རིའི་ཕུག་ལམ་བརྒྱུད་དེ།།
ཆུ་རྨ་ཆུ་ཡི་བཞུར་རྒྱུན་དེད་ཡོད།།

རྒྱ་ཁ་ཆེ་བའི་བསྟི་གནས་ཆོས་འཁོར།།
ས་གྲགས་ཆེན་དེར་མིག་ཞགས་གློད་ན།།
དབང་མི་ལག་གི་སྟོབས་ཤུགས་ཤིག་གིས།།
བོད་ཁ་ཆེ་བར་བསྒྱུར་ཚུལ་དྲན་ཡོང་།།

རྨ་ཆུ་འགག་གི་ཉ་གསོ་ར་བར།།
རྒྱ་ཁ་ཆེ་བས་ཚེ་བླུ་ཉ་མོ།།
ཕར་ཚུར་འདྲེན་གྱི་ཡོ་ལང་བར་ནས།།
སྲོག་དྲྭ་རྒྱ་ལས་སྐྱོབ་ཐབས་མི་འདུག།

དཔལ་དགུ་རོང་གི་པདྨོར་འབོད་པའི།།
ལམ་ཀྱག་ཀྱོག་གི་རི་ལམ་དེད་ན།།
བྲག་རི་ངོས་ལ་སྟོན་པ་ཤཀྱ་ཐུབ།།
ས་རེབ་གོང་གི་མགྲོན་བསུ་ཨེ་ཡིན།།

སྡེ་གཡེར་ཆེན་ཞིག་སེང་གཞོང་ཡར་མར།།
ལྷ་རྟེན་གསུམ་གྱི་སྒྱུ་འཕྲུལ་ཞིང་བཀོད།།
ལམ་རིང་ཐུང་གི་འཇམ་དབྱངས་བཞེངས་སྐུ།།
དགོན་ཁྲ་ཁྲ་དེའི་བསྒྲགས་བྱང་མིན་ནམ།།

ཤར་སྐྱབས་མགོན་གྱི་ཐུགས་བསྐྱེད་ཟབ་མོ།།
སྡེ་རོང་འབྲོག་གི་དད་པའི་ཞིང་ས།།
རོང་དགོན་ཆེན་ལ་ཕྱག་མཆོད་ཕུལ་ནས།།
སེམས་དམིགས་གཏད་ཀྱི་ལྷོ་ལམ་དེད་ཡོད།།

རྗེ་མ་ཎི་བས་བཞེངས་པར་གྲགས་པའི།།
ས་ལྕང་སྐྱ་ཡི་བྱང་ཆུབ་མཆོད་རྟེན།།
སྨད་ཨ་མདོ་བའི་རྡེའུ་འབུམ་སྐྱ་ལྡང་།།
བོད་ཆོལ་གསུམ་ལ་གྲགས་པ་འབར་རོ།།

དཔལ་ཨུ་རྒྱན་གྱི་ཐུགས་སྲས་དམ་པ།།
མཐུ་མན་ངག་གི་བདག་པོ་མག་གསར།།
སྔགས་ཕུར་ཐོག་གི་ཟི་ར་འཚུབས་སེ།།
དགྲ་མ་རུངས་བའི་ཁ་གནོད་མཛད་འདུག།

སྡེ་གླིང་རྒྱ་ཡི་ཟམ་པའི་ཡར་ནང་།།
སྙན་གྲགས་པ་ཡི་རྔ་གསང་ལྡིར་བའི།།
བུ་རྒོད་པོ་དེ་དགེ་འདུན་ཆོས་འཕེལ།།
གནས་འདི་ག་ནས་འཁྲུངས་པར་བཞེད་དོ།།

ཆོས་རིག་གཞུང་གི་མེ་ཁ་གསོ་བའི།།
དགོན་མགར་རྩེ་ལ་གྱེས་ཕྱག་ཕུལ་ཏེ།།
ས་རྒན་རྒྱ་ཡི་ལུང་གཞུང་བརྒྱུད་མཐར།།
བྱང་བླ་བྲང་གི་འདུས་སྡེར་མཇལ་ཡོད།།

ཕྱིའི་བསྐོར་ལམ་ལ་མ་ཎི་འཁོར་ལོ།།
ནང་རྟེན་བཞེངས་ལ་རང་བྱུང་ལྷུན་གྲུབ།།
བར་གྲྭ་ཤག་གི་བཀོད་པ་ཁྱད་མཚར།།
མིག་ཁྲ་ཆུང་གི་དཔལ་དུ་བརྒྱན་སོང་།།

རི་ལ་ལུང་ལ་རྩྭ་ཆུ་བཟང་ཞིང་།།
ཆུ་གཙང་བོ་ལ་དྭངས་གསལ་ཆེ་བའི།།
ས་ཀླུ་ཆུ་ཡི་བར་ལམ་དེ་ནས།།
སྟོད་མཛོ་དགེ་ཡི་ཐང་ཆེན་གཞལ་ཡོད།།

རྒྱལ་ཕྱི་ནང་གི་དོ་སྣང་བྱེད་ཡུལ།།
བོད་མཐོ་སྒང་གི་ས་གཤིས་བརླན་ས།།
ཡུལ་དམར་ཐང་ལ་ལ་མོར་ཐོན་ཏེ།།
ནུབ་ཞག་གཅིག་གི་གནས་ཚང་གཡར་ཡོད།།

ནངས་སྔ་མོ་ཡི་ཉི་ཟེར་དཀར་པོ།།
ལུས་ཁྲབ་རྨོག་གི་ཟོལ་གྱིས་གྱོན་ཏེ།།
སྨད་རོང་ཆེན་བཞིའི་རྒྱལ་ཁག་བཅོ་བརྒྱད།།
འཕྲུལ་འཁོར་ལོ་ཡི་འགྲོས་ལ་བླངས་ཡོད།།

འཕྲང་དོག་མོ་ལ་ཐུར་ལམ་རིང་མོ།།
ལ་རི་གཟར་གྱི་ངམ་ཁ་རྫིག་པོ།།
ནགས་ས་འཛིན་གྱི་རྒྱ་རྫོང་མཐུག་པོ།།
འགྲོ་མིག་ཞགས་ཀྱིས་གཟུགས་ལ་བཏབ་ཡོད།།

དུས་རིང་པོ་ནས་ཡིད་ལ་རེ་བའི།
ལྷ་ཐུགས་ཆེན་གྱི་ཞལ་རས་དྲོན་མོར།།
རྒྱུ་འབྱོར་བ་ཡིས་གསེར་ཞལ་ཕུལ་ཏེ།།
ལས་རྣམ་དཀར་ཀྱི་ཚོགས་རབ་བསགས་ཡོད།།

དགོང་ཕྱི་དྲོ་ཡི་གྲིབ་ཆེན་འགུག་དུས།།
ལམ་སྐྱ་མོ་ལ་རྡུལ་འཚུབ་དྲངས་ཏེ།།
ས་ཐག་རིང་གི་གསེར་རྟའི་གྲོང་ཚོ།།
ཡུལ་ལུང་མདོ་ལ་ད་ཚོད་ཐོན་བྱུང་།།

འཁོར་རྣམ་བཞི་ཡི་འདུས་པ་རྒྱ་མཚོ།།
གནས་གསེར་རྟ་ཡི་ཉིན་སྲིབ་བར་ལ།།
ཁྲ་ཆེམ་ཆེམ་གྱི་སྐར་ཚོགས་འཕོས་སྙམ།།
ཡིད་སོམ་ཉི་ཡི་ངང་དུ་འཇོག་གོ།
མཁས་སྙན་གྲགས་ཀྱིས་གོ་ལ་བསྒུལ་ཞིང་།།
བྱམས་བརྩེ་བ་ཡིས་རིགས་དྲུག་སྐྱོང་བས།།
རྗེ་འཇིགས་ཕུན་གྱི་ཐུགས་བསྐྱེད་འཕྲིན་ལས།།
སྡེ་བླ་རུང་གི་དཔལ་དུ་ཤར་རོ།།
ཕྱི་ཀུན་སྤྱོད་ཀྱིས་གཞན་ཡིད་འདྲེན་ཞིང་།།
ནང་བསླབ་གསུམ་གྱིས་རང་རྒྱུད་མཛེས་པའི།།
དགེ་ཚུལ་སློང་གི་རྣམ་པར་རོལ་བ།།
སྡོམ་དམ་ཚིག་གི་བདག་ཉིད་བསྟོད་དོ།།
ཐུགས་གསང་གསུམ་གྱི་སྒྱུ་འཕྲུལ་ལྷ་ཁང་།།
རྟེན་གསར་བཞེངས་ཀྱི་མ་ཎི་དུང་འཁོར།།
ཚོགས་ལྷན་འཛོམས་ཀྱི་གྲུབ་མཐའ་རིས་མེད།།
སྡེ་གསེར་རྟ་ཡི་རྒྱན་དུ་ཆེའོ།།
དམྱལ་ཆོས་རྒྱལ་གྱི་ཞལ་སྒོ་གདངས་ཏེ།།
གཤིན་ལྷོ་སྒོ་ཡི་བམ་རོའི་དུད་ཁྲོད།།
བྱ་རྒོད་པོ་ཡི་གཟན་དུ་གཡེང་དུས།།
ཚེ་མི་རྟག་པ་བློ་ལ་འཆར་ཡོང་།།
ཚེ་འདི་ཕྱི་གཉིས་ལུང་དུ་སྟོན་ཅིང་།།
རྒྱུ་འབྲས་བུ་གཉིས་རྩིས་ལ་འདེབས་པའི།།
མ་མཁའ་འགྲོ་ཡི་དྭངས་མར་འབོད་པ།།
ས་སྟག་ལུང་གི་གཙོ་མོར་མཇལ་ཡོད།།

རི་མཐོན་པོ་དག་ལྡེབ་ལ་བཅུག་ནས།།
སྡེ་རུ་གྲོང་འགའ་རྗེས་ལ་བསྐྱུར་ཏེ།།
ས་མགོ་ལོག་གི་པདྨ་རྫོང་ལ།།
དུས་སྔ་མོ་ནས་བདེ་མོ་བཞག་ཚར།།
ཆུ་ཟམ་པ་འགའ་ཤར་གྱིས་བཅད་ཅིང་།།
ལ་ལུང་བ་འགའ་དུམ་བུར་གཏུབ་ཏེ།།
དཔལ་དར་ཐང་གི་དགོན་ཆེན་བརྒྱུད་ནས།།
གནས་ལུང་དཀར་ལ་ཐོད་པ་གཏུགས་ཡོད།།
གདུགས་དཀར་མོ་ཡི་གདུལ་བྱའི་ཞིང་བཀོད།།
མ་མཁའ་འགྲོ་ཡི་ལྷ་ཚོགས་འདུ་ར།།
རྟེན་བྱིན་ཅན་གྱི་གདུགས་འཁོར་ཆེན་མོ།།
མཐོང་དྲན་རེག་གི་བར་ཆད་སེལ་ཡོང་།།
འབྲོག་རི་ལུང་གི་ཕ་ས་གོར་མོ།།
སྡེ་ཚོ་བ་ཡི་ཕྱུགས་རིགས་དཀར་ནག།།
ཕྱུགས་རྫི་བོ་ཡི་མགོ་འཕང་མཐོན་པོ།།
ཡུལ་གཅིག་སྒྲིལ་ནས་རྟགས་ཙམ་ཐོན་ནོ།།
གནས་ཡུལ་བསྐོར་གྱི་སྡོམ་ཚིག་ཕྲན་བུ།།
ཞག་ཉི་མ་ཡི་མི་བརྗེད་ཟིན་ཐོ།།
རྨ་ལུ་མ་ཡི་རྨ་ཁུག་དང་པོ།།
ཡུལ་རྨ་ཆུ་ནས་དོ་དགོང་སྒྲིལ་ལོ།།

བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

དཔྱད་མཆན་སྤེལ།

%d