འཕགས་ཆེན།   (ཡུལ་ཤུལ)

ངས་ནི    ཡི་གེ་ལ་སྙིང་ཉེ་ཚུལ་ཞིག་བཤད་ན
བྱིས་པའི་རོལ་རྩེད་ལ་ཤོར་བའི་དུས་ཚོད་དམར་དམར་པོ
བཤང་ཅིན་དོར་བ་བཞིན་ཡི་གེའང་དོར་ཞིང
རྡེའུ་བསོག་པ་བཞིན་ཡེ་གེའང་བསགས་ཏེ
ངའི་ཁང་པའི་རྩིག་ལྡེབས་ཀྱང་དཔེ་ཆས་བསྒྲིབས
ཤ་དང་རུས་པས་འཐགས་པའི་དཔེ་ཆས
མི་ཚེ་ཇེ་རིང་དུ་བཏང་ཞིང     ལག་པར་ཤ་ཤེད་ཡོད་པར་བྱས
དཔེ་ཆས    མིག་ཤེལ་དཀར་པོ་བསྐྱོན་ཏེ
ངའི་ཁ་གཏད་དུ་ལངས་པའི་མཚན་མོ་དེར
གཟུགས་མཛེས་པ  སྒྲ་སྙན་པ   དྲི་ཞིམ་པ  རོ་མངར་བ   རེག་བྱ་འཇམ་པ་དེ་དག
དུས་ཚོད་བར་མེད་དུ་དབང་ལྔའི་ཡུལ་དུ་བཤམས
ང་ལ་སུ་ཞིག་གིས  ཡི་གེའི་མེ་ཏོག་བཏབ

ཐ་སྙད་ལས་འདས་པའི་མེ་ལྕེ་དེ་དག་ཡི་གེ་ཡིན་ནམ
ཡི་གེའི་མངོན་བརྗོད་ཤ་ཁྲག་གི་རི་རབ་ཡིན
ཡི་གེ་ནི     མིང་དོན་གཤགས་པའི་མེ་ཏོག་ཅིག་རེད་ཅེ་ན
མིག་ཆུ་ཁྲོམ་ཁྲོམ་གྱིས  ཡི་གེའི་མེ་ཏོག་དེ་དག་བརླན་ཞིང
གཉིད་ལྕོག་རྒྱག་ཞོར་དུ      ཡི་གེའི་མེ་ཏོག་དེ་དག་ཕྱི་སློག་ནང་སློག་གིས
རང་ཉིད་ཀྱང་ས་སྦར་གནམ་སྦར་བྱས་ཏེ
ཁུག་མ་ནང་དུ་འཚང་བའི་སྒོར་མོ་དེ་དག
དཔེ་ཆའི་དོན་དུ་བཏང་བ་སུས་ཀྱང་བཤད་ནུས་པ་ཞིག་མ་རེད

རང་གིས་རང་ལ་ཚ་འདྲི་ཞིག་བྱས་ན
ཁ་ཟས་ཀྱི་ཆེད་དུ་སོ་སྟོན་པ་བཞིན
མི་ཚེའི་དོན་དུ་ཡི་གེ་ག་ཚོད་ཅིག་ཁ་ཕྱེས
ཡི་གེའི་ངོས་སུ་ཡ་ཧུ་དཱ་པའི་དཔེ་ཆའི་བྲོ་བ་བསྟིམས་ཡོད་དམ
ཤེས་རྨོངས་བའི་དཔེ་ཆའི་དྲི་ཆུ་བྱུགས་ཡོད
ཡང་ན    ཡི་གེའི་གསེང་དུ་བོད་ཀྱི་རྩམ་དྲི་མར་དྲི་བསྲེས་ཡོད་དམ
ཤ་ཟ་ཁྲག་འཐུང་གི་ཁ་ལྕེའི་སྡིག་སྒྲིབ་བསགས་ཡོད
ཡང་སྙིང     ཡི་གེའི་མེ་ཏོག་དེ་དག
སྐྱེས་རྒ་ན་འཆི་ཁོ་ནའི་ཆེད་དུ་ཁ་འབྱེད་པ་ཡིན་ནམ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d