ལོ་མཇུག་གི་སྙན་ངག་ཚན་པ་བཞི།

༒ མི་ཚེ།

སྨྱུག་མདའ།

འཁྱགས་རླུང་གཞུག་གི་ཞོགས་པ་དེ
སྐྱེ་འཆིའི་རྟོད་ཐག་སྣེ་ཡི་རྨི་ལམ་དེ
ཅ་ཅོ་དང་འདུ་འཛི་རྒོད་སའི་རྣམ་རྟོག་དེ
འཕྲུལ་རྡུལ་དང་ཐ་རྡུལ་འཕྱོ་སའི་འདུ་བྲལ་དེ
རེ་སྨོན་དང་ཀློག་དེབ་ངོས་ཀྱི་རྣམ་ཤེས་དེ
མུན་པ་དང་སྒྲོན་འོད་ངོགས་ཀྱི་སྐྱོ་འཛུམ་དེ

དོ་དགོང་ཡལ་གྱིན་པའི་ཁ་དོག་ལ་བལྟས་ན
འཚོ་བ་འདི་ཅི་འདྲའི་མཚོན་རྟགས་གསལ་བོ་ཞིག
ལོ་འཁོར་གཅིག་མིག་ལམ་གྱི་གླ་བ་བཞིན
གོམ་ཁའི་བར་གླགས་ནས་བོར་སོང
ད་དུང་མི་ཡུལ་ན་འཁྱམ་པའི་ཁེར་རྐྱང<ང>
ཀློག་དེབ་ཀྱི་འོད་སྣང་ལ་ཡང་ཡང་འཁོར
ད་ནི་རི་བོའི་ཕ་རོལ་ཏུ་རྨི་ལམ་ཞིག་གཏོང་རན

2015/12/17 མཚན་མོར།


གྲོང་ཁྱེར།

ལྕགས་དང་ཨར་འདམ་གྱིས་ཡོངས་སུ་ཁེབས
མཁའ་དབུགས་ཀྱང་འབགས་བསླད་པས
སྒེའུ་ཁུང་ལས་ཕྱིར་རོལ་འབབ་སྲིད
སེམས་ངལ་གྱི་ཁུར་བོ་མང་པོ་འབབ་སྲིད

ཐག་ཉེ་རུ་ཅེར་བའི་སྙན་ངག་འདི
མཚན་མོའི་བར་སྣང་ལ་དེད་ནས་ཡུན་རིང་འགོར
ལྡུམ་ར་ན་འཚང་ཁ་ཤིག་ཤིག་གིས
བདེ་གནས་གང་ཞིག་ལ་ཁད་ཀྱིས་རྒྱུག

ཅིས་ཀྱང་དུས་ཚོད་ཀྱི་ངོ་གདོང་ན
འདུ་བྲལ་གྱི་ཆོས་ཉིད་རྡུལ་ཕྲ་བཞིན་འཐོར
གློག་སྒྲོན་མག་མོག་གི་གྲིབ་ཡོལ
ཡི་གེའི་གློ་བར་འབྱར་བའི་སང་རས་ནག་པོ་ཞིག་རེད

ངའི་ཁ་སྣ་སྦྲིད་རྗེས
གད་སྙིགས་གྲོང་ཁྱེར་ལ་བབས་ཡོད་པ་ཚོར
སྒྱུ་མའི་རོ་བཅུད་ལ་ངང་གིས་འཁྱུད་ཀྱིན
རླུང་ཁ་ནས་ཟད་ཚར་བའི་ཕྱེ་ལེབ་ཅིག་ཏུ་གྱུར

2015/12/6 མཚན་མོར།


མུན་པ་འབབ་ཞོད།

སླར་ཡང་ས་སྲོད་ཅིག་གི་སྒོ་ཁར
དགུན་འཁྱགས་ཀྱི་རྫི་བོ་ཚོས
ཁ་དོག་མི་ཚོར་བའི་གཏམ་རྒྱུད་ཅིག
ཡི་གེ་རེའི་བར་གསེབ་ན་འུར་ཆིལ་ལེར

གཞུང་ལུགས་ནི་མདའ་གྲི་བྱས་རྗེས
ཕྱེ་མ་ལེབ་མང་བོ་མཐོ་རུ་སྤུང
བལྟས་ཚོད་དུ་དབྱར་ཀ་ཞིག་འདྲ་བོ་འདུག
འོན་ཀྱང་སུ་ཞིག་གི་ལས་བདའ་གྱུར

2015/12/3 མཚན་མོར།


དགའ་ལྡན་དགོན་པ།

ཉི་མ་འདི་ཚོར་ཅི་འདྲ་ཞིག
རང་ཉིད་ཤོག་ལྷེ་ཞིག་ཡིན་ཁུལ་གྱིས
དཔེ་ཀློག་གི་རྣ་རྩར་ཁ་པར་བཏེག་འོང་གིན
ས་ལ་ཉལ་ཏེ་རི་མོ་གྱ་གྱུ་ཞིག་བྲིས་སོང

ཁ་སང་དར་སྐུད་རིང་སར་བཞག་སྟེ
ཁེར་རྐྱང་གི་སྙན་ངག་རྡོ་འཁྱག་སྟེང་གླན
མི་ལོ་དུ་མའི་ཡར་སྔོན་གྱི་བརྡ་རྙིང་དེ
ཉེ་འཁོར་གྱི་བསིལ་གྲིབ་འོག་ཏུ
བྱེའུའི་ནང་ཁྲོལ་ལ་འབྱར་གྱིན་འདུག

བུད་སོང་བའི་ཤུལ་གྱི་མིང་བྱང་དེའོ
ཅི་ཡང་ཡོད་ལ་ཅི་ཡང་མེད་པའི་སྣང་བ་ཞིག་གིས
སྒེའུ་ཁུང་གི་ཕྱི་ནང་བཅུམས་ཏེ
ཞབས་རྗེས་བཞག་པ་བཙལ་སྐབས
དུས་ཚོད་ཀྱི་སེར་ཁ་གས་ཤིང་ལྷབ་ལྷུབ་འཕྱོས

ཉིན་མཚན་དུ་བསགས་པ་སྲང་ལམ་ན
སྙན་ངག་ནར་མོ་ཞིག་གི་སྔོན་འགྲོར་བབས
ད་ལྟ་རྒས་གཉེར་ཆགས་དྲག་པས
འདོད་ཡོན་གྱི་ཟིང་ཆ་ཁེན
ཁ་གཡང་གི་གླིང་ཀ་མྱུལ་བཞིན
སྨོན་ལམ་གཉོམ་པོ་ཞིག་སེམས་ལ་བཏབས

2015/11/23 མཚན་མོར་དགའ་ལྡན་དུ་བྲིས།

རྩོམ་ཡིག་འདིའི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s