ལོ་མཇུག་འདིར་བོད་ཀྱི་ལོ་ཙཱ་བའི་སྡེ་ལ་སྐད་ཅིག་ཕུལ་འདུག

 གཉན་མི་ཐུང་།


            ལོ་འཁོར་ཧྲིལ་བོ་གཅིག་ཡང་འདི་ལྟར་རྫོགས་ལ་ཉེ་བའི་སྐབས་སུ། ཕྲན་ནས་སྟོང་ལོ་བཅོ་ལྔ་བའི་མཇུག་བྱང་དུ་སྐད་ཆ་རེ་ཤས་ཤིག་བོད་ཀྱི་ལོ་ཙཱ་བའི་སྡེ་ལ་ཞུ་འདོད་སྐྱེས་སོང་ལ། བསམ་ཚུལ་ལམ་འདྲི་རྟགས་འདི་ང་མི་གཅིག་གི་སྐད་ཆ་ཙམ་ཡིན་པས། ནོར་འཁྲུལ་ཅི་རིགས་ཡོད་པས་མཁྱེན་ལྡན་རྣམས་ཀྱིས་བཟོད་པར་གསོལ་རོགས་ཞུ། སྤྱིར་བོད་ཀྱི་ལོ་ཙཱ་བ་སྟེ་གཞན་གྱི་རིག་གནས་ནང་འདྲེན་མཁན་དང་རང་གི་རིག་གནས་ཕར་བསྒྱུར་གནང་མཁན་སུ་དང་གང་ཡིན་ཡང་། ལོ་ཙཱའི་རིན་ཐང་དང་དགོས་མཁོ། ཕྱག་རྗེས། དེའི་སྐུ་ཡོན་སོགས་མདོར་ན་གང་ཐད་ནས་གླེང་ཡང་། ཁོང་ཚོ་ལ་གུས་པ་བླ་ལྷག་ཡོད་པར་མ་ཟད། སྔར་བོད་ལ་ཡུལ་ཁམས་མང་བོ་ནས་རིག་གནས་སྣ་མང་ཞིག་དར་བའང་ལོ་ཙཱ་བའི་བཀའ་དྲིན་ཉག་གཅིག་གོ།། ཡིན་ཡང་། ད་སྐབས་འདིར་ལུགས་ལྡོག་གི་འགྲོ་སྲོལ་ལམ་བོད་ཀྱི་ལོ་ཙཱ་བའི་སྡེ་ལ་རྒྱུན་འབྱམས་སུ་སོང་བའི་གོམས་གཤིས་ཤིག་ཡོད་པ་ནི། བོད་རང་གི་རིག་གནས་ཏེ་ནང་ཆོས་གཙོར་གྱུར་བ་དག་ཕར་དང་ཕར་ལ་བསྒྱུར་གནང་བྱེད་རྒྱུ་གལ་ཆེན་འཛིན་པ་ལས། ཚུར་རང་གི་རིག་གནས་སུ་བསྒྱུར་བའི་སྲོལ་ནི་ཉམ་ཆག་གམ་གཞི་མེད་ཀྱི་སྟོང་ཆ་ཞིག་ཏུ་གྱུར་དང་བགྱུར་བཞིན་འདུག་པའམ་ཕར་བསྒྱུར་དང་ཚུར་བསྒྱུར་གཉིས་ལས་ཕར་བསྒྱུར་བའི་གྲངས་མང་བ་ཞིག་ཏུ་ཆགས་འདུག་པ་དེའོ།། དེ་གཅིག་བྱས་ན་དུས་རབས་ཀྱི་འགྲོ་ཕྱོགས་དང་བསྟུན་ཆེ་བ་དང་། དགོངས་གཞི་བླ་མེད་ཡོད་པ། ཁྱབ་སྒྲོག་དར་སྤེལ་ཡིན་ཚུལ་གང་ཡིན་ཟེར་ཡང་ཆོག བོད་ཅེས་པའི་མི་རིགས་འདི་ལ་བློ་དཀར་གཞུང་དྲང་གི་སྐྱེས་བུ་ཞིག་ཡིན་ན། ཡོད་ཚད་གཞན་སྐད་དུ་བསྒྱུར་རྒྱུ་གཙོ་བོར་འཛིན་པ་ལས། འཛམ་གླིང་ཤར་ནུབ་ཀུན་ཏུ་སྐད་གྲགས་ཆོད་པ་དང་ཤུགས་རྐྱེན་ཆེ་བའི་མཚན་ཉིད་དང་སློབ་གསོ་རིག་པ། རྩོམ་རིག་དང་སྒྱུ་རྩལ་རིག་པ། ཆབ་སྲིད་དང་ཚོང་ལས་རིག་པའི་གསུང་རྩོམ་སོགས་མདོར་ན་འཇིག་རྟེན་རིག་གནས་ཏེ། བོད་ཀྱི་དུས་བབ་ལ་གང་མཁོ་གང་ཕན་དག་ཚུར་བོད་སྐད་དང་མཐུན་པར་ཅི་ཐུབ་གང་ཐུབ་ཅིག་དག་བདེ་གསལ་གསུམ་གྱིས་རྩོམ་བསྒྱུར་བྱས་ན་ཅི་མ་རུང་སྙམ་ཡོད། འདི་ནི་བོད་ཀྱི་གཞོན་སྐྱེས་ཀློག་པ་པོ་མང་བོ་ཞིག་གི་སེམས་ཀྱི་ཟས་དང་བོད་རིག་གནས་ཀྱི་ཚེ་སྲོག་གི་གསོས་སྨན་ལྟ་བུར་འགྱུར་ཐག་ཆོད་རེད། དེ་མ་གཏོགས་བོད་ཀྱི་རིག་གནས་གཙོ་བོ་དག་ཕར་གཞན་སྐད་དུ་བསྒྱུར་དྲགས་ན་དེའི་མཇུག་འབྲས་ནི་མི་རིགས་ཤིག་གི་ངོས་ཐད་ནས་བཤད་ན་ཕུན་ཚོགས་ཤིག་ཡེ་ནས་མ་རེད་སྙམ། ལྟོས་འཇོག་གིས་ཁ་སང་དེ་རིང་བོད་ཀྱི་རིག་གནས་ལའང་དུས་རབས་ཀྱི་ཐོད་བརྒལ་ཟེར་ཡང་ཆོག གསར་ཞེན་གྱི་རྣམ་པ་གང་འཚམ་རེ་འདུག་ལ། ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་གྱིས་མཚོན་པའི་བསྒྱུར་རྩོམ་སོགས་གང་འཚམ་རེ་འདུག་མོད། རིག་གནས་དར་བའི་མི་རིགས་གཞན་དང་གཞན་ཚོར་བསྡུར་ན་ང་ཚོ་ད་རུང་དབུལ་བོ་དབུལ་རྐྱང་ཞིག་རེད། རྗེས་མར་བོད་ཀྱི་ལོ་ཙཱ་བ་ཚོས་བོད་འགྱུར་རིག་གནས་སྲོག་ཤིང་ཏུ་འཛིན་པའི་རེ་བ་ཞུ་བར་མ་ཟད། སྟོང་ལོ་གསར་བའི་ནང་བོད་ཀྱི་རིག་གནས་ཕྱོགས་ཀུན་ནས་དར་ཞིང་། གཞན་གྱི་རིག་གནས་ཀྱི་མཛེས་སྡུག་གིས་མཐའ་རྒྱན་བྱས་ཏེ། བོད་རིག་གནས་ཡུན་ནས་ཡུན་དུ་རྒྱས་པའི་སྨོན་འདུན་ཞུ་ཞེས་སྟོང་ལོ་བཅོ་ལྔ་བའི་མཇུག་བྱང་དུ་སྦྱར་བའོ།།

ཡོང་ཁུངས་གླིང་སྲས་བོད་ཡིག་སྤྱི་སྟེགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading