བོད་ངོ་མ་རྗེས་ལུས་ཨེ་རེད།

འབའ་སྨྱུག་གྲོལ།

    ༼ ༡༽

གདོང་དམར་བ་ཚང་ད་སོ་མ་གཉིད་ལས་སད་དེ་ས་སྟེང་གི་གད་སྙིགས་འཐུ་དུས།
ཁྱིམ་མཚེས་ཚང་སྔ་མོ་ནས་ཡོང་སྟེ་ས་འོག་གི་གསེར་དངུལ་ཟངས་ལྕགས་སོགས་མ་ལུས་པར་ཁྱེར་ཏེ་ཕྱིར་ལམ་དུ་ཆས་བཞིན་ཡོད།


    ༼༢༽

ཁ་བ་ཅན་ཚང་དེ་རིང་ཡར་ལང་ནས་སྐད་ཡིག་ལ་སློབ་འགོ་རྩོམ་དུས།
གཞན་དག་གིས་རང་རང་གི་སྐད་ཡིག་སྦྱངས་ཚར་ཏེ་གཞན་སྐད་དང་གཞན་གྱི་རིག་གནས་ལ་ཞིབ་འཇུག་བྱེད་བཞིན་ཡོད།


༼༣༽

མི་རིགས་གཞན་དག་གིས་གནམ་གྲུ་དང་རླངས་འཁོར་གྱིས་འཛམ་གླིང་ལ་བསྐོར་བ་རྒྱག་དུས།
ཁ་བ་རི་བ་ཚང་གིས་བདེ་མོ་ཐང་ཆེན་ན་མགྱོགས་མོ་རྟ་མཆོག་གི་བང་ཁ་འགྲན་ནས་རྩེད་མོར་གཡེང་འདུག


༼༤༽

མི་རིགས་གཞན་དག་གིས་འཛམ་གླིང་སྐད་ཅིག་མ་གཅིག་གི་ཡུན་ལ་གཞོམ་ཐུབ་པའི་འགད་རྫས་བཟོ་ཐུབ་དུས།
བོད་པ་ཚང་གིས་ཞིང་ཚིགས་བར་ན་མི་གཅིག་ཀྱང་གསོད་མི་ཐུབ་པའི་མདའ་འཕེན་གྱི་བྱེད་སྒོ་སྤེལ་གྱིན་འདུག


༼༥༽

དགུན་ཁར་ཉལ་བའི་སྲོག་ཆགས་ཀྱི་རིགས་དེ་དག་གིས་དགུན་མ་ཐོན་གོང་ལ་གཟན་མང་པོ་ཁུང་བུའི་ཕུ་མགོ་རུ་བསོག་དུས།
བོད་འབྲོག་པ་ཚོས་སང་ལོ་ཡི་སྨན་རྩྭའི་ས་དང་ཟོག་ར་ཡོད་ཚོད་སྔར་ལོ་ནས་བཙོངས་ཏེ་ཟས་ཚར་འདུག།


༼༦༽

རྒྱ་གར་བ་སོགས་མི་རིགས་ཁ་ཤས་ཀྱིས་རང་གི་ལས་ཀ་དེ་ལ་བདག་པོ་བརྒྱབ་ནས་ཆོས་ལུགས་ཀྱི་གསང་བ་དང་རིག་གནས་ཀྱི་གསང་བ་ལོས་ཡིན་ཏེ། ཐ་ན་ལྷམ་བཙེམ་སྲོལ་དང་སྐུད་མ་འཁེལ་སྲོལ་ཙམ་ཡང་གཞན་ལ་མི་བཤད་པར་ཕ་རིང་བུ་རྒྱུད་ནས་འཛིན་སྐྱོང་བྱས་ཏེ་འདུག་དུས།
ང་ཚོ་གངས་ཅན་པ་ཚང་གིས་ཡུལ་སྲོལ་གྱི་གསང་བ་ཕར་ཞོག་ཐ་ན་གསང་སྔགས་ཀྱི་གསང་བ་དང་སྨན་གྱི་གསང་བ་སོགས་ཀྱང་གཞན་ལ་སྤྲད་ཚར་འདུག།


༼༧༽

ཧེ་རིགས་ལ་སོགས་པའི་མི་རིགས་འགས་རང་གི་བུ་རྒྱུད་སྤེལ་ཐབས་སུ་གསང་ཇུས་བྱས་ནས་ཁྱིམ་ཐོའི་སྟེང་ལ་བྱིས་པ་ཆ་ཚང་གི་མིང་མི་འགོད་པ་དང་། ཡང་ན་གསང་བའི་སྒོ་ནས་བྱིས་པ་དེ་དག་ས་ཆ་གཞན་དང་གཞན་ནས་མི་གཞན་དང་གཞན་གྱིས་གཉོར་བ། གལ་ཏེ་ཆད་པ་གཅོད་རྒྱུར་ཐུག་ན་མི་ཚང་མས་ཁྱིམ་ཚང་དེ་ལ་རོགས་རམ་བྱེད་པ་སོགས་ཐབས་བརྒྱ་ཇུས་སྟོང་བཀོལ་དུས།
ང་ཚོ་བྱང་སེམས་སྤྲེའུའི་བུ་རྒྱུད་དེས་ཅི་མི་སྙམ་པར་བྱིས་པ་གཅིག་ཀྱང་མེད་ན་མེས་རྒྱལ་གྱི་སྒོར་མོ་མང་པོ་སྟེར་ཟེར་ནས་རང་གི་ཆུང་མར་བྱིས་པ་མེད་ཐབས་ལ་ཅི་དགའ་གང་བཟང་བྱས་ཏེ་གཉིད་དུ་ཡུར་འདུག།


༼༨༽

མི་རིགས་གཞན་དག་གིས་འབག་བཙོག་གི་གྲོང་ཁྱེར་དང་མི་མང་པོ་འདུས་སྡོད་ཡོད་པའི་ས་དེ་མི་བཟང་བར་ཧ་གོ་ནས་དྭངས་གཙང་གི་ཁོར་ཡུག་དང་ལྷིང་འཇགས་ཀྱི་གཞིས་ཁྱིམ་ཞིག་འཚོལ་ཕྱིར་འཛམ་གླིང་གི་དག་ཞིང་ལྷག་མ་དེར་རིམ་གྱིས་ཉུལ་ཡོང་དུས།
ང་ཚོ་བྲག་སྲིན་མོའི་རིགས་ཀྱི་མགོ་བོ་རྨོངས་ནས་དགུན་ཁའི་གྲང་ངར་དང་ཁ་བ། དབྱར་གྱི་ཆར་ཆུ་དང་ལྕི་འདམ་ལ་སུན་སྣང་སྐྱེས་ཏེ་མེ་ཏོག་གི་དྲི་ངད་དང་བསླད་མེད་པའི་མཁའ་དབུགས་སོགས་དང་གྱེས་ནས་སྐྱག་དྲི་དང་རྫིང་དྲི་འཐུལ་སའི་གྲོང་ཁྱེར་དང་ཁང་བརྩེགས་ལ་སྙེག་ནས་འགྲོ་གིན་ཡོད།


༼༩༽

སྐྲ་སེར་སོགས་ཀྱིས་སྦྲང་དཀར་ནག་གི་རྩམ་པ་དང་། ཐོལ་དཀར་འབྲི་མོའི་འོ་ཞོ། མར་དང་ཆུར་བ་སོགས་འཚོ་བཅུད་དང་རོ་མངར་གྱིས་ཕྱུག་པའི་བོད་ཟས་ཤིག་འཚོལ་ཕྱིར་རྟ་ལ་ཞོན་ནས་རི་ཁ་དང་ལུང་ཁ་ཉུལ་ཏེ་ཡོང་དུས།
ང་ཚོ་འོད་གསལ་ལྷ་ཡི་གདུང་རྒྱུད་དེས་འཛེམ་དོགས་སྤུ་ཙམ་མེད་པར་སུར་པན་དང་བྲོ་རྫས་ཁ་བའི་ཟས་རིགས་དེ་འཚོལ་ཕྱིར་རླངས་འཁོར་ལ་བསྡད་ནས་རྫོང་མཁར་དང་གྲོང་ཁྱེར་འགྲིམ་ནས་འཕུར་འགྲོ།


༼༡༠༽

བསམ་བློ་ཡི་གཏིང་ཟབ་པའི་མི་རིགས་ཁ་ཤོས་ཀྱིས་ཤེས་ཡོན་པའི་སྡེ་ལ་གདེང་འཇོག་བྱས་ཏེ་འགྲོ་དུས་སྔོན་མ་དང་བཞུགས་དུས་གོང་མ་ལ་བརྩི་དུས།
བསམ་བློ་ཡི་བཅུད་ཡལ་བའི་འུ་ཚང་གིས་སུ་ལ་ཤེས་ཡོན་ཡོད་ན་དེ་ལ་ངན་སྨོས་ཀྱི་མདའ་མོ་འཕང་ཞིང་ཕྲག་དོག་གི་གྲི་ཡིས་བརྒྱབ་ནས་མེད་པར་བཟོས་འགྲོ།


༼༡༡༽

སྔོན་ཐོན་གྱི་རྒྱལ་ཁབ་དང་མི་རིགས་དག་གིས་ཆབ་སྲིད་གྱི་ཚེ་སྲོག་ལ་དམག་དོན་གྱི་ཟིལ་ཤུགས་བསྣན། སྲོལ་རྒྱུན་གྱི་རྩ་བ་ལ་གསར་གཏོད་ཀྱི་ཡན་ལག་རྒྱས།མཐུན་སྒྲིལ་གྱི་ལམ་ཆེན་ལ་ཚན་རིག་གི་འོད་སྣང་མཆེད་དེ་འགྲོ་དུས།
རྗེས་ལུས་ཀྱི་འུ་ཚང་གི་ཆབ་སྲིད་ཀྱི་ནད་པ་ལ་དམག་དོན་གྱི་དབུགས་མཐུད་མེད། སྲོལ་རྒྱུན་གྱི་དཔའ་བོ་དེ་གསར་གཏོད་ཀྱི་ལག་དུམ་ཡིན། མཐུན་སྒྲིལ་གྱི་ཤི་བོ་ལ་ཚན་རྩལ་གྱི་ཇུས་ཐབས་མེད་པར་ནག་འཐོམ་མེར་ལུས་བསྡད་ཡོད།


༼༡༢༽

རྒྱལ་ཁབ་དང་མི་རིགས་གཞན་དག་གིས་རྣམ་དཔྱོད་དང་བསམ་བློ་ཡི་རྩལ་འགྲན་ནས་སུ་ངར་ལྟ་དུས།
ཧི་མ་ལ་ཡའི་ཉེ་འགྲམ་ནས་འཚར་ལོངས་བྱུང་བའི་མི་རིགས་དེས་དུད་འགྲོའི་འགྲན་བསྡུར་སྤེལ་ནས་བསྡད་ཡོད།དཔེར་ན།རྟ་རྒྱུག་དང་གཡག་རྒྱུག ད་དུང་ཁྲོམ་གྱི་འགྲན་བསྡུར་སོགས།

མུ་འགོད།

ཡོང་ཁུངས་ཀ་ཁའི་འཇིག་རྟེན།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s