མེ་ཟླུམ།  ཁམས་རྟའུ།

དུས་ཀྱི་འགྱུར་བ་འཇའ་ཚོན་ཇི་བཞིན་སྐད་ཅིག་སྐད་ཅིག་སླེབས་པས་ན།།
སེམས་ཀྱི་མཛེས་ལྗོངས་དབང་མེད་ནུབ་ཁའི་རི་བོའི་རྒྱབ་རིར་ནུབ་བཞིན་དུ།།
མཛེས་པའི་ལོ་མ་དལ་གྱིས་སྐྱོད་བཞིན་ཕར་ཁའི་གཞུང་ལམ་ཐལ་རྡུལ་ཁྲོད།།
དགུན་ཁའི་བུ་ཡུག་ཙག་གིས་མ་བཟོད་དབང་མེད་ལུས་ལ་སྐྱི་གཉེར་ཐེབས།།

དྲུག་འགྱུར་འཇོལ་མོའི་དབྱངས་རྟ་ཡལ་ནས་སྐྱོ་བའི་མགུར་གླུ་སིང་སིང་ལེན།།
སྡོང་ལོའི་རྩེ་ནས་ལོ་མ་དག་ནི་བྱ་སྤུ་ཇི་བཞིན་རླུང་གིས་ཁུར།།
གཡུ་སྦྲང་ཁྱུ་གཅིག་ལྟོ་ཡི་ཆེད་དུ་ཉིན་དང་མཚན་དུ་མཁའ་ལ་འཕུར།།
དུས་ནི་མི་རྟག་སྐད་ཅིག་ཡིན་པས་པདྨའི་དོ་ར་སད་ཀྱིས་བཅོམ།།

ཕྱི་རོལ་ཡུལ་ན་རྩི་ཤིང་མེ་ཏོག་སྣ་ལྔ་བཞད་པའི་མཛེས་ཆོས་ཏེ།།
དེ་རིང་ཡོད་ན་སང་ཉིན་མེད་པས་འཇིག་རྟེན་མི་རྟག་ཡིན་པ་ཚོར།།
རྦབ་ཆུའི་སྒྲ་ལ་ཡང་ཡང་ཉན་ཚེ་རིག་པའི་རྩལ་ནི་གསལ་བར་བྱེད།།
ཡིན་ཡང་ད་ནི་རྦབ་ཆུ་དེ་ཡང་ཙག་རླུང་ངར་མས་སྲ་མཁྲེགས་བསྒྱུར།།
དགུན་གྱི་དྲག་རླུང་ལྡང་ཐེངས་རེ་ལ་ལོ་མས་མགོ་ལྕོག་ལྡེམ་ལྡེམ་ཁྲོད།།
ཟླ་གཟུགས་གོར་མོའི་ཐུ་འོག་ཁྲོད་ནས་སེམས་ཁྲལ་དམར་པོ་ཁྱེད་སར་ཤོར།།
ཤར་ནུབ་དབར་གྱི་སྤྲིན་ནག་འཁྲིགས་དུས་རྨི་ལམ་ཁྲོད་ཀྱི་ལོ་མ་དེས།།
སྡུག་ཡུན་ཁྲོད་ཀྱི་མིག་ཆུའི་ཐིགས་པ་ས་སྒང་གོར་མོའི་དབྱིངས་ལ་འཐིམས།།

མཚར་སྡུག་འཛོམས་པའི་དབྱར་གཞུང་ཕྱུག་མོའི་རྒྱུ་བ་ལྷོད་བཞིན་དུ།།
སྒེག་པའི་ཉམས་ལྡན་ལང་ཚོ་རེ་རེ་ལ་ལོ་མ་སྐྱ་བོའི་མྱ་ངན་འཁྱིལ།།
གྱེས་བྲལ་དྲན་པ་སེམས་སུ་ཁུར་ནས་བེམ་རོའི་ལོ་མ་དྲན་བཞིན་དུ།།
ཕྱིར་འཛོམས་ཡོད་པའི་གནས་ཡུལ་འདི་ནས་སྔར་བཞིན་ཁྱོད་ལ་རེ་སྒུག་བྱེད།།

༢༠༡༥ ། ༡༢ ། ༦ 

རྩོམ་ཡིག་འདིའི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག 

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading