ཡུའུ་གུའི(羽戈)བརྩམས་ཆོས།  སྒྱུར་པ་པོ། སྐ་སྲས།

          པར་ཙིལ་འཛམ་གླིང་བུམ་པ་རྟགས་ཅན་གྱི་རྐང་རྩེད་སྤོ་ལོ་འགྲན་སྡུར་སྐབས་སུ། ང་དང་གྲོགས་པོ་འགས་འགྲན་སྡུར་ལ་ལྟ་ཞོར་དང་ཡུལ་ངོས་ཟིང་ཟིང་ཡོང་ཆེད་རྒྱན་སྐུགས་པ་ཡིན། མཇུག་མཐར་ང་རང་དུ་བ་དང་ཝུ་ཆང་། བྱ་ཤ། ཟས་ཐུན་གཉིས་ཀྱི་ཟས་རིན་བཅས་མང་པོ་ཞིག་གིས་ཕམ་ཁ་མྱངས་ནའང་། ཚུར་ལ་ཀོང་ཞི་དགེ་ཐོན་སློབ་ཆེན་གྱིས་པར་བསྐྲུན་བྱས་པའི་ཡུའུ་ཡང་ཧྲི་ཡི་རྩོམ་ཡིག་གཅེས་བསྡུས་ཀྱི་དཔེ་ཆ་ཞིག་ལས་ཅི་ཡང་མ་ལོན། འགྲན་སྡུར་ལ་བལྟས་ཚར་རྗེས་ང་ཚོའི་རྒྱན་བཞག་པའི་མཇུག་འབྲས་ལ་ཕྱོགས་སྡོམ་བྱས་ཤིང་ངས་རང་ཉིད་ཕམ་ཡོད་པའི་རྣམ་འགྱུར་བསྟན་ནའང་། ལ་ལས་ང་ནི་རྒྱལ་ཁ་ལོན་མཁན་ཡིན་པའི་ཚུལ་བཤད་བྱུང་། སྐབས་དེར་ཁོག་རྩིས་ཤིག་བརྒྱབ་པ་ན། ཡུའུ་ཡང་ཧྲི་ཡི་རྩོམ་ཡིག་བསྡུས་པ་དེར་ཁྱོན་དཔེ་ཆ་བཅུ་གཉིས་ཡོད་ཅིང་། མ་རིན་ཀྲུང་སྒོར་༦༣༩ཡིན་ལ་སྐབས་དེར་རིན་གོང་བརྒྱད་གཅོག་གིས་ཉོ་ཐུབ་ཀྱི་ཡོད། གལ་སྲིད་མ་རིན་ལྟར་བརྩིས་ནའང་ཟས་ཐུན་གཉིས་ཙམ་གྱི་རིན་གོང་ལས་མེད་འདུག དེ་ལྟར་ཟླ་གསུམ་གྱི་རྗེས་སུ། ངས་དངོས་གནས་རང་ཉིད་ཀྱིས་རྒྱལ་ཁ་ལོན་འདུག་པ་ཚོར་བྱུང་། དུས་སྐབས་དེའི་དཔེ་སྐྲུན་བཀག་རྒྱའི་སྲིད་ཇུས་ཀྱིས་ཡུའུ་ཡང་ཧྲི་སོགས་ཀྱི་དཔེ་ཆའི་ཁ་གྲངས་སོགས་ཧ་ཅང་དཀོན་མོ་དང་རྩ་ཆེན་དུ་བཏང་པ་སྟེ། ད་བར་ཁྲོམ་རའི་ནང་ཁོང་ཅག་གི་བརྩམས་ཆོས་ཀྱི་རིན་གོང་ཀྲུང་སྒོར་སྟོང་ཕྲག་གཉིས་ཡས་མས་སུ་འཕར་འདུག འདིས་ང་རང་ཁོང་ཁྲོ་དང་སྐྱོ་སྡུག་ལྷག་མའི་སྟེང་བློ་བདེ་བ་ཅུང་ཙམ་གནང་སོང་།

         བཀག་རྒྱའི་སྲིད་ཇུས་དེ་སྒོར་བུད་མ་ཐག་ཏུ་ཏིང་ཏིང་འདྲ་བས་ཧ་ཅང་མགྱོགས་མྱུར་སྒོས་དྲ་ངོས་ཤིག་བཟོས་ཤིང་། མིང་ལ་”མ་འོངས་པར་ཉོ་རྒྱུ་མི་རྙེད་པའི་དཔེ་ཆ་དག”ཅེས་བཏགས། དྲ་ངོས་དེ་རུ་ཆེད་དུ་བསྒྲིགས་པའི་ཡུའུ་ཡང་ཧྲི་དང་ཉིང་བུན་ཏའོ། ཤིས་ཏྲི་ཡོན། མའོ་ཡུའུ་ཧྥུ། ཡེ་ཧྥུ། ཀྲང་ཆན་ཧྥན། ཤིས་ཤོ། ཅོའུ་པཱ་ཏའོ་བཅས་རྩོམ་པ་པོ་བརྒྱད་དང་གསུང་རྩོམ་དོན་བཞི་ཡོད། དེས་ཀློག་མཁན་གྱིས་དཔེ་ཆ་འདེམ་པ་དང་ཉོ་བ་ཧ་ཅང་སྟབས་བདེར་བཟོས་པ་རེད། དེ་ལས་སྣང་ཚུལ་གསུམ་མཐོང་ཐུབ་སྟེ། བཀག་རྒྱའི་སྲིད་ཇུས་དེ་སྐུལ་འདེད་ཀྱི་ལག་ཆར་གྱུར་བ་དང་གཅིག གཉིས་པ་ནི་བཀག་རྒྱའི་སྲིད་ཇུས་དེ་དཔེ་ཆ་འོས་སྦྱོར་བྱེད་སྤྱད་དུ་གྱུར་བ་སྟེ། གཞུང་ཕྱོགས་ཀྱིས་དཔེ་ཆ་གང་དམ་དྲག་བྱས་ན། མང་ཚོགས་ཀྱིས་དཔེ་ཆ་གང་དེ་ཀློག་པ། གསུམ་ནི་བཀག་རྒྱའི་སྲིད་ཇུས་ནི་ཟུར་ཟ་དང་འཕྱ་སྨོད་བྱེད་ས་ཞིག་ཏུ་གྱུར་བ་དང་། ནུས་པ་ཅི་ཡང་མེད་པའི་རྣམ་པ་ཙམ་དུ་ལྟ་བ། ཐ་ན་ཏིང་ཏིང་དྲ་བ་ལྟ་བུའི་དྲ་ཚོང་བྱེད་ས་དག་གིས་ཀྱང་གཞུང་ཕྱོགས་ཀྱི་ཡིག་ཆ་འདི་མིག་ལམ་དུ་འཇོག་གིན་མེད་པ་བཅས་སོ།།

         བཀག་རྒྱའི་སྲིད་ཇུས་ཀྱིས་ཚོང་ལས་སྐུལ་འདེད་གཏོང་བ་ཞེས་དུས། ངས་སྐུ་ཞབས་ཡེ་ལིན་ཧྥུང་གིས་བཤད་མྱོང་བའི་སྐད་ཆ་ཞིག་དྲན་བྱུང་། དེ་ནི་ཨེར་ལན་རྒྱལ་ཁབ་ལ་གནའ་སྔ་མོ་ནས་”རང་དབང་གི་རྒྱལ་ཁབ”ཅེས་པའི་མིང་ཡོད་ཅིང་།༡༩༣༧ལོར་”རང་དབང་གི་རྒྱལ་ཁབ”ཀྱིས་བཀག་རྒྱའི་དཔེ་དེབ་ཀྱི་མིང་ཐོ་ཞིག་ཁྲོམ་བསྒྲགས་བྱས་ཤིང་། དེའི་ནང་དཔེ་དེབ་རིགས་མི་འདྲ་བ་༦༩༥ལྷག་དང་དུས་དེབ་རིགས་༡༡ལྷག་ཡོད། དེས་དབྱིན་ཇི་རྒྱལ་ཁབ་ཀྱི་དཔེ་འཚོང་བ་མང་པོ་ཞིག་ལ་སྟབས་བདེ་ཆེས་ཆེར་བསྐྲུན་ཡོད་དེ། ཁོ་ཚོས་བརྡ་ཁྱབ་བཟོས་ཏེ”དཔེ་ཆ་འདི་དག་ཕྱིར་འཚོང་ལ་ཨེར་ལན་རང་དབང་རྒྱལ་ཁབ་ཀྱིས་བཀག་རྒྱ་བྱས་ཡོད།”ཅེས་དེ་ནས་བཟུང་དཔེ་ཆ་དེ་དག་ཧ་ཅང་ཚོང་བྲིན་པར་གྱུར་བའི་གཏམ་རྒྱུད་དེ་རེད།

         ༡༩༤༥ལོར་ཡེ་ལིན་ཧྥུང་གིས་<<དཔེ་ཆ་བཀག་རྒྱའི་སྲིད་ཇུས་དང་འབྲེལ་བའི་དགོད་གཏམ།>>བརྩམས་ཤིང་། དེའི་ཁྲོད་སྐབས་དེའི་དངོས་བྱུང་གཏམ་རྒྱུད་གསུམ་དྲངས་ཡོད། གཅིག་ནི་ན་གཞོན་ཞིག་གིས་ལུའུ་ཞུན་གྱི་<<གད་རྒྱངས>>(呐喊)བཀླགས་པས་ཁྲིམས་ལ་བཅུག་ཅིང་མཐར་སྲོག་ཁྲིམས་བཅད་པ། གཉིས་པ་ནི། ཞིབ་དཔྱོད་དཔོན་པོར་མདོག་དམར་ལ་སྡང་བའི་ནད་ཕོག་ཅིང་དཔེ་ཆའི་རྒྱབ་ཤོག་དམར་པོ་ཡིན་པ་ཐམས་ཅད་ལ་སྔོག་བཤེར་བཀག་རྒྱ་བྱས། རྒྱུ་མཚན་ནི་དཔེ་ཆའི་རྒྱབ་ཤོག་གི་མདོག་དམར་པོ་ཡིན་པས་རེད། གསུམ་པ་ནི་མར་ཡེན་ཁྲུའུ་ཡི་དཔལ་འབྱོར་རིག་པའི་བརྩམས་ཆོས་ཤིག་བཀག་རྒྱར་ཚུད་ཅིང་། རྒྱུ་མཚན་ནི་མར་ཡེན་ཁྲུའུ་དང་མར་ཁེ་སི་གཉིས་ཀའི་རུས་མར་ཡིན་ལ་གཉིས་ཀ་དཔལ་འབྱོར་ལ་སྦྱངས་བ་བྱེད་མཁན་ཡིན་པས་སོ།།

          ད་དུང་ཐའེ་ཝན་དམ་དྲགས་སྐབས་ཀྱི་དཔེ་ཆའི་བཀག་རྒྱའི་གཏམ་རྒྱུད་འགའ་བཤད་ན། གཞུང་གིས་དཔེ་བཀག་སྲིད་ཇུས་སྤེལ་བར་མགོ་མཇུག་གཏན་ནས་མེད་ཅིང་རྒྱུན་དུ་དགོད་ཁ་སློང་བར་བྱེད། དཔེར་ན། མར་ཁེ་སི•ཝེ་པོ་ཡི་བརྩམས་ཆོས་ཁར•མར་ཁེ་སི་ཡི་བརྩམས་ཆོས་ལ་འཁྲུལ་བ་དང་། ཀྲུང་གོའི་གནའ་གཞུང་<<མོའོ་ཧྲི>>(毛诗)”མོའོ་ཙེ་ཏུང་གི་སྙན་ངག”ལ་འཁྲུལ་ནས་སྔོག་བཤེར་དང་བཀག་རྒྱ་བྱེད་པ། ཅིན་ཡུང་གི་དྲག་རྩལ་སྒྲུང་དེབ་དག་ནི་ནམ་ཡང་བཀག་འགོག་བྱ་རྒྱུའི་རིགས་ཡིན་པས་རྒྱུན་དུ་མིང་སོགས་བརྗེས་ཏེ་པར་བསྐྲུན་བྱེད་དགོས་པར་གྱུར་ཡོད། དཔེར་ན། མི་ལ་ལས་<<神雕英雄传>>ནི་ཅང་ཅེ་ཧྲི་ལ་ཟུར་ཟ་བྱེད་པར་དོགས་ནས་པར་བསྐྲུན་སྐབས་མིང་<<大漠英雄传>>ལ་བསྒྱུར། <<倚天屠龙刀>>མིང་ལ་<<至尊刀>>ཞེས་བཏགས་ཤིང་རྩོམ་པ་པོའི་མིང་བརྗེས་ཏེ་ཨོ་དབྱང་ཧྲིན་(欧阳生)ཞེས་བཏགས། <<侠客行>>ཀྱི་དེབ་མིང་ལ་<<漂泊英雄传>>ཞེས་ཏེ་རྩོམ་པ་པོའི་མིང་ལ་ཀོས་ལུང་(古龙)ཞེས་བཏགས། <<笑傲江湖>>ཡི་མིང་ལ་<<独孤九剑>>ཡང་ན་<<一剑光寒十四州>>ལ་བསྒྱུར་བ་སོགས་མང་ངོ་།།

           སྐུ་ཞབས་ཡེ་ལིན་ཧྥུང་ནི་དཔེ་ཆ་བཀག་རྒྱ་ལ་ཞིབ་འཇུག་བྱེད་མཁན་མིང་དུ་གྲགས་པ་ཞིག་ཡིན་ལ། ཁོས་ཡིད་ཕངས་ངང་”དཔེ་ཆའི་བཀག་རྒྱའི་སྲིད་ཇུས་སྐོར་གྱི་དགོད་སྤྲོ་བའི་སྣང་ཚུལ་དག་ནི་བྲིས་ཚར་བ་མེད་དེ། རྒྱུ་མཚན་ལམ་ལུགས་འདི་རང་ཉིད་མ་གཞི་ནས་དགོད་གཏམ་གྱི་འབྱུང་ཁུངས་གཙོ་བོ་ཡིན་པ་རེད”ཅེས་སྨྲས། དེ་སྔོན་ཞང་ཀང་གི་ཚགས་པར་ཅིག་གི་སྟེང་ཁོ་ལ་ཆེད་དོན་ལེ་ཚན་བཟོས་ཤིང་མིང་ལ་”དཔེ་ཆའི་བཀག་རྒྱའི་སྐོར་གྱི་ལོ་རྒྱུས”ཟེར། སྐབས་དེར་ཞང་ཀང་ལ་ཚགས་དེབ་སོགས་ལ་སྔོག་བཤེར་གྱི་ལམ་ལུགས་ཡོད་པས་ལེ་ཚན་དེ་རྒྱུན་པར་ཁྲིམས་ལ་འགལ་ཏེ་སྟོང་ཆར་ལུས་ཡོད། ཐ་ན་དཔེ་ཆ་བཀག་རྒྱར་ཚུད་པའི་ལོ་རྒྱུས་བྲིས་པ་དག་ཀྱང་བཀག་འགོག་བྱས་ཡོད་པས་དངོས་གནས་དགོད་ཁ་སློང་སྤྱད་ཅིག་རེད།

          ཡིན་ནའང་། དེ་དག་ནི་དགོད་གཏམ་ཙམ་མ་ཟད་ངུ་ཁ་སློང་སྤྱད་ཅིག་ཀྱང་ཡིན་ཏེ། དཔེ་ཆ་བཀག་རྒྱའི་གོ་རིམ་ཁྲོད་དགོད་ཁ་སློང་བའི་དོན་དག་མང་པོ་བྱུང་ཡོད་ནའང་། དོན་དག་རང་སྟེང་ནས་བསྙད་ན་དེ་ནི་སྐྱོ་གར་ཧ་ཅང་ཆེན་པོ་ཞིག་ཡིན། བཀག་རྒྱའི་དུས་བབ་དང་བསྟུན་ནས་ཚོང་བྲིན་པར་བྱེད་པ་ནི་ནམ་ཡང་དམིགས་བསལ་བའམ་བློ་ཡུལ་ལས་འདས་པ་ཞིག་རེད། གལ་ཏེ་དུས་སྐབས་གང་ཞིག་ཏུ། དཔེ་ཆ་གང་ཞིག་བཀག་རྒྱ་བྱས་པའི་དབང་དུ་བྱས་ཚེ། དེ་ནས་བཟུང་དཔེ་ཆ་དེ་ཤེས་རིག་དང་ལོ་རྒྱུས་ཀྱི་ཁོངས་ནས་མེད་པར་གཏོང་ཐུབ་སོང་བ་ཡིན་ལས་ཆེ་མོད། དེ་ལས་ཀྱང་འཇིགས་སུ་རུང་བ་དང་ཕངས་སེམས་ཆེ་བ་ནི་དཔེ་ཆ་དེ་ཉིད་ཀྱི་ཉམས་རྒུད་ཙམ་མ་ཟད་ཤེས་ཡོན་གྱི་གཉའ་གནོན་ཡིན་ལ། བསམ་བློའི་བཙོན་འགོག་དང་མི་ལུས་ཀྱི་མནར་གཅོད་སོགས་ཀྱང་འབྱུང་ལས་ཆེའོ། ཧེ་ནེས(海涅)”གང་དུ་དཔེ་ཆ་སྲེག་པའི་སྦྱོར་བ་རྩོམ་ཀྱིན་ཡོད་ན། དེ་རུ་མིའང་མེ་ལ་སྲེག་གིན་ཡོད།”ཅེས་པ་བཞིན། ཆིན་ཧྲི་ཧོང་གིས་དཔེ་སྲེག་བྱེད་པའི་ཞོར་དུ་རུའུ་སྦེད་ཀྱང་བྱས་པ་ལྟ་བུ། དབང་སྒྱུར་བས་དཔེ་ཆའི་བཀག་རྒྱ་སྤེལ་བ་དང་ལྷན་དུ་མི་འཛིན་བཟུང་བྱས་པ་སྟེ། ཡུའུ་ཡང་ཧྲི་དང་ཅོའུ་པཱ་ཏོ་གཉིས་བཀག་ཉར་བྱས་པ་དང་ཀོ་ཡུའུ་ཧྲན་དང་ཁོའུ་ཐིང་ཏེན་གཉིས་བཙོན་ལ་བཅུག་པ་ལྟ་བུའོ།།

          ཀྲུང་གོའི་དཔེ་བཀག་གི་ལོ་རྒྱུས་ནི་ཀྲུང་གོའི་སྲིད་དབང་སྒེར་གཅོད་ལམ་ལུགས་དང་འདྲ་བར་དུས་ཡུན་ཤིན་ཏུ་རིང་བོ་ཡོད། དེ་དང་འདྲ་བར། དཔེ་འགོག་ལ་རྒོལ་བ་དང་སྲིད་དབང་སྒེར་གཅོད་ལ་རྒོལ་བ་ནི་ཧ་ཅང་བློ་ཐག་ཆོད་པ་དང་སྲ་བརྟན་ཡོད། ཡང་གཅིག་ན། གང་དུ་དཔེ་ཆ་བཀག་པའི་ལས་སྤེལ་ན། དེ་རུ་དཀའ་བ་ཁྱད་དུ་བསད་ནས་དཔེ་ཀློག་བྱེད་པ་དང་། གང་དུ་དཔེ་འགོག་སྲིད་ཇུས་ཡོད་ཚེ། དེ་རུ་སྲིད་ཇུས་དེ་ལ་མཐོང་ཆུང་སྣང་མེད་དང་གཡོལ་བ། མེད་བརླག་ཏུ་གཏོང་བ་སོགས་ཀྱི་སྦྱོར་བ་རྩོམ་ཀྱིན་ཡོད་ཅེས་བཤད་ཆོག ། གནའ་ནས་ད་བར་ཀྱི་དཔེ་འགོག་སྤེལ་མཁན་དང་དཔེ་ཆ། ཀློག་པ་པོའི་བར་གྱི་འཐབ་འཁྲུག་དུས་ཡུན་རིང་བ་དེར་བལྟས་ན། ཚང་མ་མཐར་སྔོན་མ་ཕམ་ཞིང་རྫོགས་པར་གྱུར་བ་རེད། དེའི་རྒྱུ་མཚན་ནི། དཔེ་འགོག་ནི་”ཆེས་ཐ་ཤལ་གྱི་ཐབས་བཀོད་ཡིན་ལ། བྱིས་པ་དང་སྨྱོན་པ། ཀླ་ཀློ་དག་གི་བསམ་བློ་གཏོང་སྟངས་འབའ་ཞིག་ཡིན།”ཙམ་མ་ཟད། ཤེས་ཡོན་དང་ལྟ་ཚུལ། བསམ་བློ། མི་ལུས་དང་འགྲན་ཡ་མེད་པ། བཙོན་འགོག་དང་ཚར་གཅོད་མི་ནུས་པ། ཤེས་ཡོན་ལ་རེ་སྙེག་བྱས་པ་སོགས་རང་དབང་ལ་རེ་སྙེག་བྱས་པ་དང་འདྲ་བར་ནམ་ཡང་བཙོན་འགོག་དང་ཚར་གཅོད་མི་ཐུབ་པ་ཡིན། མི་ཞིག་གིས་དང་ཐོག་བཀག་འགོག་བྱས་ཤིང་རྗེས་སུ་འཛམ་གླིང་ཡོངས་ལ་དར་བར་གྱུར་བའི་དཔེ་ཆའི་མིང་ཐོ་ཞིག་དཔེ་འཇོག་བྱས་ཡོད་ཅིང་། དེའི་ནང་<<ལོ་ནེ་མཆོད་རྟེན(罗丽塔)>>དང་<<༡༩༨༤(1984)>> <<སྨན་པ་རུ་བཱ་ཀི(日瓦戈医生)>>སོགས་མིང་གྲགས་ཀྱི་བརྩམས་ཆོས་ཡོད། ཚིག་བརྒྱ་གནད་དུ་དྲིལ་ན། ཁྱོད་ཀྱིས་དུས་ཡུན་གང་ཞིག་ཏུ་དཔེ་ཆ་ཡོངས་རྫོགས་བཀག་འགོག་བྱས་ཆོག་ལ། དུས་མཐར་ཐུག་པའི་བར་དུ་དཔེ་ཆ་འགའ་རེ་བཀག་འགོག་བྱེད་ནུས་ནའང་། ཁྱོད་ཀྱིས་དུས་མཐར་ཐུག་པའི་བར་དུ་དཔེ་ཆ་ཡོངས་རྫོགས་བཀག་འགོག་བྱེད་མི་ནུས། དཔེར་ན། ཁྱོད་ཀྱིས་མེ་ཏོག་ཚང་མ་བཏོག་ཐུབ་ནའང་དཔྱིད་ཀ་འགོག་པར་མི་ནུས་ལ། བྱ་དེ་ཚང་མ་བསད་པར་གྱུར་ནའང་སྐྱ་རེངས་ཤར་བར་བཀག་འགོག་མི་ནུས་པ་བཞིན་ནོ།།

         དཔེ་འགོག་སྲིད་ཇུས་ལ་རྒོལ་ལན་སྤྲོད་པ་ནི་ཤེས་ཡོན་ལ་རེ་སྙེག་བྱེད་པ་དང་རང་དབང་ལ་སྲུང་སྐྱོབ་བྱེད་པ་ཡིན། ཀློག་པ་པོ་ཞིག་གམ་རྩོམ་འབྲི་བའི་ང་ལ་མཚོན་ན། ཧྲོ་ཤང་གྲོང་ཁྱེར་གྱི་ན་གཞོན་གསར་བའི་དཔེ་ཁང་གིས་སྒྲིག་བཟོ་བྱས་པའི་མར་ཀི་ཕོར་བའི(马克杯<mug>)སྟེང་བརྐོས་པའི་གདམས་ངག་དེ་ལ་ཧ་ཅང་དགའ་བོ་ཡོད། གདམས་ངག་དེ་གཡར་ནས་ལོ་ཉི་ཤུ་ཅན་གྱི་ཉིང་པའོ་ཧྥང་ལིན་བན་དཔེ་ཁང་ལ་ཕུལ་རྒྱུ་ཡིན།

“དཔེ་ཀློག་གིས་མི་རྣམས་ལ་རང་དབང་བྱིན་ནོ།།”

ཡོང་ཁུངས་བོད་ནང་གི་དྲ་བ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading