འཆི་མེད་མེ་ཏོག

དུར་བྱང་།༼དཀར་མཛེས།༽

ལོ་དེར་ཁྱོད་རང་བཞད་བྱུང
འཆི་མེད་མེ་ཏོག
ཁྱོད་ཀྱི་སྐྱེ་གནས་རེ་རེའི་བདག་ལ་ལམ་དཀར་པོ་རེ་བསྟན་བྱུང
རྩ་བ་རྐང་གཅིག་ལ་བརྒྱུས་པའི་ཁ་སྤུ་ཐར་ཐོར་འདིས
རྟོགས་སྣང་དུ་བདག་ལ་གཏམ་རྒྱུད་ཅིག་གི་སྒོ་གླེགས་རྡུང་པ་གཞི་ནས་ཚོར
ཐོག་མའི་གོམ་ཁའི་རི་ལམ་དེར་ན་ཟུག་ཏུ་བབས་པ་ནི
འོད་སྣང་མཐའ་དག་མུན་པས་རུམ་འགྲོ་བ་དེ་རེད
ཁྱེར་རྐྱང་གི་ཤུགས་ཀྱིས་བླངས་པའི་དབྱངས་གསལ་གྱི་ང་རོ
མཐུག་ལ་སྣུམ་པའི་ལོ་མའི་སྟེང་གི་རི་མོ་རེའི་མཛེས་སྡུག་ཡིན་སྲིད་ན
འཚང་ཁ་ཤིག་ཤིག་ཏུ་རྒྱག་བཞིན་པའི་མཐའ་བསྐོར་གྱི་དུག་སྦྲང་དང་སྲིད་འབུ་དག
ཞེན་པ་ལོག་བྱེད་ཀྱི་མུན་ནག་གི་བསླུ་བྲིད་ཀློང་དུ་བཅུག་རྗེས
འདོད་ཤུགས་ཀྱིས་མྱོས་པའི་གཞང་འཚོང་མ་ཞིག་གི་སྟུ་དྲི་ལ་བསྣོམ་ནས་ར་རོ་བར་འགྱུར་སྲིད

ཨེ་མ—ཁྱོད་རང་སྟོང་ཉིད་དུ་ངོ་ཤེས་པའི་སྒོ་ནས
གཡའ་དག་པའི་ནམ་མཁའི་སྐྱི་པགས་ཀྱང་ལྷོད་ནས་བདག་གིས་ཅི་ཡང་སྣང་ཆོག
ཇི་སྙེད་པ་དག་ངོ་ཤེས་རྗེས
རབ་རིབ་དང་མུན་ཀློང་གི་ཡིག་འབྲུའི་ཚོགས་ཀྱང་མིག་གིས་བཅགས་མྱོང་བའི་མེ་ལོང་དུ་གྲུབ

ལམ་ཕྲན་གྱི་སྟེང་དུ
ནར་སོན་པའི་མི་ཞིག་སྐྱེས
འཆི་གསོན་གྱི་དབྱེ་ཐག་མ་ཆོད་པའི་རྨི་ལམ་ནག་པོ
ཤིན་ཏུ་ཆུང་བའི་སྒེའུ་ཁུང་གི་ཁ་གཏད་དེ་ནས
བདག་གིས་ནམ་མཁའ་ཁྱོད་ཁོ་ན་ལས་གདམས་རྒྱུ་མ་རྙེད
རང་དབང་གི་རླུང་བུ་དེ་རྒྱུ་ཕྱོགས་ཤིག་གིས
གྲོགས་པོ་མེད་པའི་ལོ་རབས་ཀྱི་ནང་དུ
ང་རང་དཔའ་རྒོད་ཅིག་གི་ཟོལ་གྱིས་སྨྱུག་གུ་བཟུང་སྟེ་སྐྱ་མདོག་གི་རི་སྡེ་དེ་ནས
གཟུགས་མེད་ཀྱི་མི་ཞིག་ལ་ལག་འཇུ་ཐེངས་གཅིག་བྱས་ཏེ
མཁོས་ཀ་ཞན་པའི་དབྱངས་རྟ་ཞིག་དང་མཉམ་དུ་གཞས་ཤིག་བཏངས་ཡོད
ན་ཟུག་དང་ཞེ་མཁོན   རྨི་ལམ་དང་འཁྲེགས་འཛིན་གྱི་ངོགས་སུ
ཐ་སྙད་ནད་པ་ཞིག་གི་སྐྱོ་སྡུག་ཁུར་ནས་འཁོར་བ་ཞེས་པའི་མཐའ་འཁོབ་ཀྱི་རི་སྡེ་ནས
སྲ་གཟུགས་སུ་གྲུབ་པའི་རྡོ་བའི་ཕྱི་ནང་དུ
བཀླགས་མི་ཚར་བའི་གཏམ་རྒྱུད་ཀྱི་གསང་བའི་ཡིག་འབྲུ་མང་པོ་ཞིག
གཞོན་ནུ་མ་ཞིག་གི་མངལ་གྱི་གུར་ཁྱིམ་དུ་མཇལ་འཕྲད་ཅིག་གི་ཚུལ་གྱིས་སླར་ཡང་སྦས་ཆོག

རྟོག་བཏགས་མ་ཡིན་པའི་རྟོག་བཏགས་ཀྱི་འཆི་མེད་མེ་ཏོག
སྡོང་རྐང་སྦོམ་ལ་ཡལ་ཕྲན་མང་པོ་ཞིག་འདོགས་པ་ནི
རེ་སྒུག་གི་ཁ་བའི་ལྷ་མོ་དེ་མ་འབྱོན་པས་ཨེ་ཡིན་ནམ
རང་སེམས་ཀྱི་ཆེས་ཟབ་སར་བབས་པའི་རྐང་རྗེས་རེ་རེ
མཛེས་སྡུག་གི་འབྱུང་བཞིའི་ཁྲོད་དུ་ཚོར་མེད་ཀྱི་ཤོག་བྱ་ཞིག་སར་བབས་པ་ལྟར
ངས་ཁྱོད་ཀྱི་གོམ་འགྲོས་ཀྱི་གཤོག་པའི་སྟེང་དུ
རི་རབ་དང་གཙང་བོ་འགུལ་ནུས་པའི་ཕ་ཡུལ་གྱི་མིང་དང་ཡབ་མེས་ཀྱི་མཚན་སོགས་སྦྱར་ཡོད

འཆི་མེད་མེ་ཏོག
སྲིད་པའི་ལྷིང་འཇགས་ཀྱི་ཁྲོད་ནས
ཁྱོད་ཀྱིས་རྒྱུན་རིང་པོར་ཉི་མིའི་འོད་ཟེར་ལ་ཚེ་སྲོག་བསྟིམས་པ་སུ་ཡིས་ཚོར་ཐུབ

༢༠༡༥ལོའི་ཟླ༥བའི་ཚེས་༣༠ལ། 


སྐྲ་ཉག་མར་འཁྲུལ་བའི་མེ་ཏོག

གཞིས་ཀ་དེ་ནས་ཟླ་བ་ཞིག་ཨེ་འཆར་བལྟ་དུས
མཚན་མོ་ནི་ཧ་ཅང་རིང་བའི་གོས་ཀྱི་རི་མོ་འཇམ་པོ་ཞིག

ལུས་སྟེང་དུ་སྐྲ་ཉག་མའི་ཆར་བ་ག་ཙམ་བབས་ན
མིག་གི་གཙང་བོ་ལ་མཐའ་མེད་པའི་མེ་ཏོག་མང་པོ་ཞིག་འཁྲུངས
དེ་ནས་བཟུང་ཟླ་བ་མ་འཆར་བའི་སྔོན་རོལ་དུ་ཁྱོད་ལ་མཚན་མོ་མཁོ

དུས་ཚོད་མང་པོ་ཞིག་སོང་ཟིན་ནའང
མཚན་མོ་འདིའི་ཕྱི་རོལ་ན་ཚོན་ཁ་མི་ཤེས་པའི་སྐྱེས་པ་ཞིག་མུན་པར་དཔྱངས

ཟླ་བས་སྐར་མ་ལ་ནང་སེམས་བསྟན་རྗེས
ཞེ་སྨྲེང་བའི་ལ་གཞས་ཐན་ཐུན་རེ་ཁྱོད་ཀྱི་རྣ་རྩར་བཏང
མཚན་མོ་འཁྱུག  འཁྱམས་པོའི་གཞས     ལྷོད་ཀྱིས་ཉན

གཙང་བོའི་གཞུང་ལ་གྲིབ་མའི་བྱ་ཁྱུ་ཞིག་འཁོར་བ་ན
རང་ཉིད་ཁོ་ནས་གྱང་ངོས་ཀྱི་ལྷ་བཟོ་མཁན་གྱི་མིང་ནས་ཡང་ཡང་བོས

ཟླ་བ་མུན་པ་ལ་ཧ་ཅང་དུངས
སྐྱོ་བ་ཏོག་ཙམ་གྱིས་བརྩེ་བ་གཅིག་ཏུ་བསྲེས

སྐྲ་ཉག་མར་འཁྲུལ་བའི་མེ་ཏོག་རེ་རེས
ཁྱོད་ཀྱི་མིག་འབྲས་ལྟ་བུའི་མེ་ལོང་གཞུང་ལ
ཤིན་ཏུ་འཁྱག་པའི་འཁྱུག་གཞས་མང་ཙམ་ཞིག་འཁྲབ

ཟླ་ལྔ་བའི་ནང་གི་མེ་ཏོག་རེ་རེ་ས་རུ་ལྷུང་ན
ལོ་བརྒྱའི་རྗེས་ཀྱི་རྨི་ལམ་ལ་བདག་པོ་ཞིག་ཡོད་ན་འོས

༢༠༡༥ལོའི་ཟླ༩བའི་ཚེས༡༣ལ།


རྨི་ལམ་གྱི་རབས།

ཁྱེད་ཀྱི་གམ་ནས
ང་རང་ཕྱིར་ལོག་པའི་དུས་ཚིགས་ཏེ་ཡིད་ལ་མི་གསལ
མདང་དགོང་ཡིག་ཅོག་སྟེང་གི་ཞག་སྒྲོན་དེ་གློ་བུར་ཟིམ་རྗེས
ཁྱོད་ལ་སྙེག་གིན་པའི་ཟོལ་གྱིས་ཉེ་སར་གཅར་བ་ཡིན
ཁེར་རྐྱང་དུ་འདུག་པར་ང་ལ་དེ་ཙམ་མི་ལོབ་པས

སུ་རུབ་པའི་སྐབས་དེར
ངས་འདི་ལྟར་དྲན་འོང་སྟེ
ང་རང་སྐྱེས་སའི་ལོང་ཀྱོག་དེ་ནི
ཚེ་སྲོག་གི་རྣམ་པ་དལ་མོར་བསྒྱུར་བའི་འཚོ་བའི་རྩི་སྨན་ཞིག་རེད་འདུག

བདག་གི་རྟོགས་ཁམས་དང   མིག་མདངས   སྣང་བ
ཤོག་ངོས་སུ་བཀྲ་བའི་རི་མོ་ཡོད་ཚད
འགྲོ་དང་འོང་གི་བར་ནས
དཀར་ནག་གི་རྡེའུ་བུ་གཉིས་སུ་གྱུར
དེ་ནས  མིག་རྡེབ་ཙམ་ལ
གནའ་སྔ་མོའི་ལྷ་སྒྲུང་ནང་ནི་གཏམ་རྒྱུད་དག
འགུལ་མེད་དངོས་གཟུགས་ཤིག་ཏུ་གྱུར

ལོ་རྗེས་མར
རྒྱང་ཐག་ཧ་ཅང་རིང་བའི་ཡུལ་ལུང་ཞིག་ནས
སུས་ཀྱང་རྟོགས་དཀའ་བའི་མུན་ནག་ཅིག་གི་གསེབ་ནས
ཉི་ཟླ་གཉིས་བོར་སོང་བ་ཐོས
གཏམ་རྒྱུད་དང་ལོ་རྒྱུས་ཀྱི་མེ་ལོང་ལས་ཡང་ཡང་བཙལ་ཀྱང
ལོ་རྗེས་མའི་རྗེས་མ་ཞིག་ལ
བསྐལ་བའི་ཕུག་ལམ་ནས
སེར་གྱི་ལེར་གངས་ཀྱི་རི་བོ་ལ་ཕྱིར་མིག་ལན་གཅིག་བཞག་འདུག་ཟེར

འགྱོད་སེམས་སྐྱེས་མྱོང་ཨང
རོང་ལངས་ཀྱི་ཞབས་བྲོ་རྫོགས་རྗེས
ཁ་ཟས་དང་ལྟོ་གོས་ཀྱི་ཕྱིར་དུ
སྐྱོ་གདུང་གིས་མིག་གི་མཚོ་མོ་ལ་ཆུ་ཡི་རབས་ཁ་བཏོད་མྱོངས

དལ་བ་དལ་བུར
མཚན་མོ་གྲངས་མེད་ཅིག་ལ
ཁ་སྦྲེང་འབུད་པའི་གཞོན་ནུ་མའི་རོལ་དབྱངས་དང་མཉམ་དུ
ཤོག་བུ་སྲབ་མོ་ཞིག་གི་ངོས་སུ་སྙན་ངག་ཟོ་བ་གང་གི་ཚོན་རྩི་རེ་ཕབས་པ་ཡིན

ཁྱོད་ཀྱི་ཕྱིར་དུ
ཁེར་རྐྱང་ངང་ཆུ་གཙང་དཀར་ཡོལ་གང་ལ་སྙན་ངག་རེའི་ཐ་སྙད་སྦྱར་བ་ཡིན

ལྷ་ཚོགས་ཀྱིས་ཡང་ཡང་དོར་བའི་བྱེ་ཐང་ཞིག་ལ
ཁ་བ་འབབ་སྲིད་པའི་མཚན་མོ་ཞིག་སླར་ཡང་འཁྲུངས་ན
རྨི་ལམ་གྱི་དུས་ཚིགས་ཁྲོད་ནས
སེམས་དང་དྲན་པའི་སྟེང་དུ
ཡུན་གྱིས་འབར་ཆོག་པའི་མཆོད་མེ་རྐང་གཅིག་ཀྱང་ཕུལ་ཆོག

སྨིག་རྒྱུའི་གྲོང་ཁྱེར་ནས་འཇིག་རྟེན་འདི་ཧ་ཅང་འཁྱག
དགུན་གསུམ་པར་ཁ་བ་འབབ་མི་སྲིད
དོ་དགོང་ཅིའི་ཕྱིར་ངས་དད་པ་བརྟན་པོའི་ངང་གནམ་ལ་བལྟ་དགོས་འདུག

གཙང་བོ་དག་ཡུན་གྱིས་བཞུར་ཆོག      མར་མེ་དག་ཡུན་གྱིས་འབར་ཆོག
སྤྲིན་དང་སྨུག་པའང་དེ་བཞིན་ནོ

ངས་ཅི་ཡང་མི་ཤེས་པའི་དཀར་ནག་མཚམས་སུ
ཁྱོད་རང་ཕྱིར་མི་ཕེབས་རོགས   ང་ལ་ཧ་ཅང་བཟོད་མེད་ཀྱི་ན་ཟུག་ཅིག་འདུག

༢༠༡༥ལོའི་ཟླ༨པའི་ཚེས་༣ཉིན་བྲིས།


དོ་ནུབ།

གློ་རྡེག་ལ་རང་སེམས་འདི་འཁྱག་གིས་བསྡམས
རྩྭ་ལམ་རེ་རེས་འགུལ་ཤུགས་ཀྱིས
བདག་གི་གློ་སྙིང་ཡོད་ཚད་ཚར་བར་གཤག་པའི་ན་ཟུག་བསླང
སྐབས་དེ་དུས
ངས་རལ་ཟིན་པའི་ཆུ་ནང་གི་ཟླ་གཟུགས་ལ་རྔམ་གྱིས་ཅེར་དགོས་བྱུང

ན་ནིང་གི་ལོ་ཟླ་དང་སང་ལོའི་ཉིན་ཞག་སྦྲེལ་ནས
གསལ་ལ་མི་གསལ་བའི་དུར་བྱང་ངོས་ཀྱི་ཡིག་འབྲུ་རེ་རེར
རང་སྲོག་གཅོད་འདོད་ཀྱི་མི་ཚོགས་འདུ་ས་ཞིག་ནས
ཧ་ཅང་བཟི་ཤུགས་བཙན་པའི་ཝུ་ཆང་དམ་བུ་གཅིག་བྲེལ་མྱུར་ངང་རྔུབ་རྗེས
རྩིག་ངོས་སུ་བྲིས་པའི་གདོད་མའི་རི་མོ་དག་ལ་བཙན་གཡེམ་ཐེངས་འགར་བྱེད་ན་འདོད

མཚན་དཀྱིལ་ཀྱི་དུས་སུ
ཕྱི་རོལ་ན་ཁྱི་སྐད་ཉུང་ཙམ་ལས་ཐོས་རྒྱུ་མི་འདུག
མགོ་བོ་སྔས་ལ་བསྙལ་ནས་སླར་ཡང་རྨི་ལམ་ལ་ལན་གཅིག་མཇལ
འཇག་མའི་གཞུང་རྟ་ལས་ཕྲ་བའི་རང་སེམས་ཀྱི་སྡིག་སྒྲིབ་རེ་རེེར
མདུན་སྒྲོམ་སྟེང་གི་ཆུ་ཕོར་བ་གང་གྱི་ནང་དུ་སྦང་བཞིན
ནམ་གསལ་རྗེས
གཞུང་ལམ་སྟེང་གི་འགྲོ་བ་རེ་རེར་ལག་པ་འཁྲུད་བྱེད་ཀྱི་ཚབ་ཏུ་ཕུལ་ན་ཆོག

༢༠༡༥ལོའི་ཟླ༧པའི་ཚེས༢༣ཉིན་ཆབ་ཆ་ནས།

རྩོམ་ཡིག་འདིའི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག 

དཔྱད་མཆན་སྤེལ།

%d