ཀྱེ་ཕུར་མཆོག་གསུམ། མཚོ་ལྷོ།
སྐར་མའི་མགུལ་རྒྱན་མགྲིན་པའི་ཟེ་བར་དཔྱངས།།
ཟླ་བའི་གཙུག་ཏོར་དབུ་ཡི་ཏོག་ཏུ་ལྷམ།།
ཟླ་སྐར་གཉིད་དུ་ཡུར་བའི་མཚན་གཞུང་ནས།།
འོད་ཀྱི་བག་མ་སེམས་ཀྱིས་གཅེས་ལོས་འཚོལ།།
མུན་པའི་འོད་ལ་འཐམས་པའི་སྲིན་འབུའི་ཚོགས།།
མཚན་མོའི་སློག་རྩག་སྐྱ་བོའི་སྲུབས་ཀར་འཚང་།།
སྒོ་ཁྱིའི་ཟུག་སྐད་གནའ་བོའི་ཅོང་རྙིང་དེ།།
དྲན་པ་གནའ་མཁར་སྐྱ་བོའི་མཁའ་རུ་འཇགས།།
རྐང་རྗེས་རི་མོ་གཡས་སུ་འཁྱིལ་པའི་རིས།།
དྲན་པ་དམར་པོ་བྲག་གི་ལྡེབས་སུ་བབས།།
མཚན་མོའི་སྙིང་ཁར་བརྡོལ་བའི་བསམ་གཞིག་རླབས།།
སྨག་ནག་ཁྲི་ཆེན་སྟེགས་བུའི་སྙིང་ཁར་ལུད།།
བཤད་ཡམས་སྤྲིན་པ་འཁྲིགས་པའི་ནམ་མཁའ་ལ།།
རེ་དོགས་འབྲུག་གི་ལྡིར་སྒྲས་རྡུལ་ཅིག་འཐིབས།།
སྐར་ཕྲན་གདོང་ཐུག་བརྒྱབ་པའི་ཆོམ་སྒྲ་དེས།།
སྙིང་གི་ཁབ་ཏུ་གཉིད་པའི་གཅེས་ལོ་དཀྲོགས།།
ནུབ་རླུང་འུར་ནག་རྟ་ཡི་བང་རྒྱུགས་དེས།།
སྙིང་གི་ས་ཆེན་གས་པའི་ཟུག་གཟེར་ལྕི།།
དམར་པོ་མེ་ལ་ལྕེབས་པའི་ཕྱེ་ལེབ་དེས།།
ཞེ་འགྱོད་གཡག་གི་སྣ་ལ་དབྱུག་པས་བསྣུན།།
གཡང་དཀར་སྐྱུགས་ལྡད་དམུར་བའི་རྨི་ལམ་ལ།།
རྩྭ་ཆུ་འཛོམས་པའི་དག་ཞིང་འོད་དུ་ལྷམ།།
འབའ་སྒྲའི་རོལ་མོ་འཁྲོལ་བའི་ཞོགས་ཁ་ནས།།
སྨག་ནག་ཨ་མའི་གདོང་ལ་གཉེར་རིས་གསལ།།
ཧི་མ་ལ་ཡའི་བཞད་སྒྲའི་རོལ་དབྱངས་དེས།།
རྣམ་རྟོག་འུག་པའི་སྙིང་ལ་བྲེད་ཤ་བསླངས།།
ངོས་སྙོམས་མིན་པའི་ནམ་མཁའི་སྒལ་གཞུང་ལ།།
སྐར་མས་འབྲེད་ཤུད་རྒྱག་པའི་གྱོང་གུད་རག།
ལོ་ཟླའི་གཙང་བོས་དེད་པའི་དྲན་གདུང་གིས།།
དོན་སྣོད་ཕོར་བའི་རྟགས་བརྒྱད་རི་མོ་ནོག།
རེ་བཞག་བདུད་རྩིའི་ཐིག་པ་ཞེ་ནས་སྐམས།།
མདུན་བསྐྱོད་གོམ་པའི་འཕར་ལྡང་སྙིང་དུ་འཇགས།།
བ་གླང་མི་ཁྱུར་བཅུག་པའི་གདོན་གཤིས་ཀྱིས།།
གནས་ལུགས་རུལ་མའི་སྣོད་ཀྱི་ཞབས་ཀྱང་རྡོལ།།
བདག་འཛིན་རྫ་མའི་བརྟེན་པ་ཉམས་སོ་ཞེས།།
མཚན་མོའི་མགོན་པོས་མིག་ལྕིབས་ལྷག་ལྷག་ཕྱེ།།
ཉི་ཟླ་སྐར་འཛོམས་པའི་ནམ་མཁའ་ཞིག།
རྫུ་འཕྲུལ་མཐུ་བོ་ཆེ་ཡིས་བསྒྲུན་དུ་མེད།།
སོམ་ཉི་སྤྲིན་པ་འཐབ་པའི་གཤོག་རྩལ་ལས།།
སེམས་ཀྱི་མཁའ་ལམ་སྤྲིན་གྱི་ཁུག་པར་རལ།།
སྒོ་ཁྱིའི་ཟུག་སྐད་རེ་གཉིས་བྲག་ཅར་འཁྱིལ།།
ཆོམ་རྐུན་སྙིང་རྩ་འགད་པའི་སྦྱོར་བ་རྩོམ།།
སེམས་ངལ་དྲན་པའི་ཀློང་ལ་བདུ་བཞིན་པའི།།
མི་ཕོས་མཚན་མོའི་སྙིང་ཁར་འོད་ཟེར་འཚོལ།།
མེས་པོའི་སྨྲ་ར་རླུང་གིས་ཁུར་སོང་བས།།
འབྲི་མོའི་འཇོ་དབྱངས་ངག་ནས་རལ་སོང་བས།།
འདོ་བའི་རྨིག་སྒྲ་རྣ་ལས་འཇགས་སོང་བས།།
དུས་ཀྱི་གཤེད་རླུང་མིག་ལ་ཡང་ཡང་འཚང་།།
སྤྲིན་པའི་གསེབ་ནས་འཐོར་བའི་བསམ་གཞིག་ཆུ།།
ན་ཟུག་ལྕི་བའི་ཡིད་ཀྱི་གཏིང་ལ་འཁྱིལ།།
བསམ་གཞིག་ས་བོན་འབུས་པའི་དོན་སྣོད་ལ།།
འཆི་མེད་ཚེ་ཡི་བདུད་རྩིས་ཆར་ནས་བྲན།།
ཀུན་ཀྱང་ཐམས་ཅད་གཉིད་དུ་ཡུར་བའི་ཆར།།
སེམས་ངལ་རྡོག་ཁྲེས་ལྕི་མོས་གཉིད་ཐེབས་བཅག།
བསམ་གཞིག་སྐྱུག་ལྡད་དམུར་བའི་ཧྲག་སྒྲ་ལས།།
འོད་ཀྱི་ལག་པ་བདག་གི་སྙིང་ཁར་བརྐྱངས།།
ངེད་དྲ་ཚིགས།