ཁ་བའི་སྙན་ངག

 ____ཨ དོན་ཉི།

སྒོ་དང་སྒེའུ་ཁུང་ཕྱི་ནི་ཁ་བ་རེད། །
དབྱིན་གླུའི་དབྱངས་ངོས་དག་ཀྱང་ཁ་བ་རེད། །
བར་སྣང་སྟོང་བའི་ཁམས་ཀྱང་ཁ་བ་རེད། །
ཁ་བ་ཞི་རྒྱུ་མེད་པའི་དགུན་ཁ་རེད། །

མིག་གིས་མཐོང་ཚད་ཁ་བ་དཀར་པོ་རེད། །
ཡིད་ལ་ལྷུང་བ་དག་ཀྱང་ཁ་བ་རེད། །
མི་ཡི་རྐང་རྗེས་ཡོད་ཚད་ཁ་བ་རེད། །
འདབ་དྲུག་ཁ་བ་དཀར་པོ་དགུན་ཉི་རེད། །

ལག་པ་གནམ་ལ་བསྲིངས་ན་ཁ་བ་ཟགས། །
མིག་གིས་རྒྱང་སོ་མྱུལ་ནའང་ཁ་བ་ཡིན། །
སྐད་ཆའི་ཕྱི་ནང་ཡོད་ཚད་ཁ་བ་རེད། །
ཆུ་ཚོད་ཉི་ཤུ་རྩ་བཞི་ཁ་བ་རེད། །

ས་གནས་ཕུན་ཚོགས་ཁང་ནང་ཁ་བ་རེད། །
རང་རེའི་ཡི་གེ་མེད་པའི་ཁ་བ་རེད། །
བོད་པའི་གླེང་མོལ་ཁྲོད་ཀྱང་ཁ་བ་རེད། །
མེས་པོའི་མིང་བརྡ་མེད་པའི་ཁ་བ་རེད། །

ལས་ཀའི་བར་གསེང་དག་ལ་ཁ་བ་བབས། །
གློག་ཀླད་མདུན་ངོས་ལ་ཡང་ཁ་བ་བཞགས། །
ཚིག་ཇའི་ཤེལ་ཕོར་ནང་ལ་ཁ་བ་འཆི། །
ཁ་བའི་འོད་ལ་སིམ་པ་དགུན་ཟླ་རེད། །

བྱང་གི་གྲོང་ཚོ་ཆེན་མོ་ཁ་བས་གཡོགས། །
ནགས་ཚལ་སྡོང་བོའི་ལང་ཚོ་ཁ་བས་བཅོམ། །
རི་ཐང་སྟུག་པོ་བཀོད་དེ་ཁ་བས་མནན།།
སེམས་ཀྱི་གངས་ཧྲག་ཡངས་པོ་ཁ་བས་བཟུང་། །

རང་བྱུང་སྐྱེད་མོའི་ཚལ་ན་ཁ་བ་འཕུར། །
སྤྲོ་འཆམ་སྤྱི་གླིང་དག་ན་ཁ་བ་མཐུག །
ཁོར་ཡུག་ལྗང་མདོག་རྣམས་ཀྱང་ཁྱུར་མིད་བཏང་། །
ཁོ་བོའི་སེམས་ཀྱི་རྒྱལ་ཁམས་ཁ་བ་རེད། །

གྱ་གྱུ་དབྱངས་ལ་རྩེན་པའི་འདབ་ཆགས་ཚོགས། །
ཁ་བའི་ལྷགས་རླུང་མ་བཟོད་ལྷོ་ལ་གཤེགས། །
མཆོང་རྩལ་བྲོ་ལ་སྒྲིལ་བའི་ཤྭ་ཤེའུ་དག །
ནམ་ཟླའི་འགྱུར་བག་གྲང་མོས་གཞན་དུ་སྤྱུགས། །

ཡུལ་འདིའི་གདོང་ལ་ཁ་བ་མར་མར་བབས། །
ས་འདིའི་སྙིང་ལ་ཁ་བ་ལྷབ་ལྷུབ་ལྷུང་། །
ཉིན་མཚན་ཁོར་མོ་ཡུག་ཏུ་ཁ་བ་སྤྱོ། །
དུས་ཀྱི་ཉི་རྡོག་དེ་ཡང་ཁ་བས་ཁྱེར། །

ཁ་བའི་འདབ་མ་ཕྱོགས་བཞིའི་ཁྱོན་ལ་བཀྱེས། །
ཁ་བའི་དར་གོས་རི་ཀླུང་ཡོངས་སུ་བཀླུབས། །
ཁ་བའི་ལོ་མ་དཀར་པོ་སྙིང་ལ་འཚུབ། །
ཁ་བ་འབབ་སྟངས་འུ་ཚོའི་གྱེས་ཚུལ་རེད། །

འཕྲུལ་གྱི་མཆུ་ཏོ་རིང་བོ་རྐྱོང་སྐུམ་བྱེད། །
དཀྱིལ་སྙིང་གཞུང་ལམ་དག་ནས་ཁ་བ་ཕྱགས། །
ཨར་འདམ་རྡོ་གཅལ་ཐང་ལ་ཁ་བ་སྤུངས། །
ཁ་བ་ཕང་ཕུང་ལྗོངས་འདིའི་དོ་ཤལ་རེད། །

ཡུལ་འདིའི་ཁ་བ་གྲང་མོའི་རླབས་རྒྱུན་ཁྲོད། །
ནུབ་གླིང་མགོ་སེར་དེ་ཚོ་མ་ཁོམ་ཡོད། །
དགུན་གྱི་ཁ་བ་དཀར་པོའི་གྲང་རྒོལ་ཁྲོད། །
མི་རིགས་དཀར་ནག་མེད་པར་ལས་ཀར་འདུར། །

ཁ་བ་དྲག་ཏུ་འགྱེལ་བའི་གྲང་ངར་ཁྲོད། །
དགུན་གྱི་ཉི་མ་དམར་པོ་ངུ་འདུག་གོ །
བྱང་རླུང་འུར་གྱིས་ལྡང་བའི་ཟིང་འཁྲུག་ཁྲོད། །
ལྡོག་མེད་དུས་ཀྱི་བགྲོད་པ་སྐྱོ་འདུག་གོ །

སྤུན་ཟླའི་སྟོང་བསམ་ཁ་བ་འབབ་སྟངས་རེད། །
མི་ཚེའི་འདུན་མ་ཁ་བ་ཞི་ཚུལ་རེད། །
མི་ཡུལ་ལུང་པ་ཁ་བའི་ངང་ཚུལ་འདྲ། །
ཡོད་ཚད་མི་རྟག་ཀློང་གི་བསྐལ་པ་རེད། །

ཤུགས་གླུ་ཡང་མོ་འབྱིན་པའི་སྙན་ངག་འདི། །
ཨ་རིའི་དགུན་ཁ་འཁྱག་པའི་གཏམ་རྒྱུད་ཡིན། །
སྣ་གླུ་ཧུར་ཧུར་གཏོང་བའི་སྙན་ངག་འདི། །
དགུན་གནམ་ཙག་ལ་རོལ་བའི་ཉམས་མགུར་ཡིན། །

༡༠༡༦ ༡ ༡༠

རྩོམ་ཡིག་འདིའི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག 

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s