རྨོ་མོ་ལགས། བདག་གིས་ཁྱེད་ལྷག་ཏུ་དྲན།

 རྨོ་མོ་ལགས། དོ་ཞག་བདག་གིས་ཁྱེད་ལྷག་ཏུ་དྲན།

ཁ་སྒང་གཡང་འབུམ་ཚེ་རིང་།

རྨོ་མོ་ལགས།
ཁྱེད་ཉིད་བཞུད་རྗེས་ཀྱི་ཟླ་ངོ་བཞི་བོའི་རིང་འདིར།
བདག་གིས་ཁྱེད་མ་དྲན་པའི་ཉི་མ་གཅིག་ཀྱང་མེད་ལ།
མཆི་མས་གཡོ་བའི་ཕྱིར་དྲན་གྱི་གཟུགས་རིས་གསོན་པོ།
དོ་ཞག་ངའི་རྨི་ལམ་གྱི་བར་སྣང་དུ་ཡང་ཡང་མངོན་པས།
དྲན་གདུང་དགུ་བརྩེགས་ཀྱི་མཚམས་སྤྲིན་ཀློང་ནས།
ཁོ་བོས་ཁྱེད་ཀྱི་བཞུད་ཤུལ་ལ་ཅེར་ནས་ཡོད།
མིག་ཟུང་ཕྱེའམ་བཙུམས་རུང་།
མིག་ལམ་ནས་ནམ་ཡང་ཡལ་བ་མེད་པའི་ཁྱེད་ཀྱི་བརྩེ་ཆེན་གྱི་ཞལ་རས་དེས།
བདག་ལ་འདང་ཆེ་བའི་འཛུམ་དཀར་སྟོན་གྱིན་འདུག

རྨོ་མོ་ལགས།
ཚང་མ་འདི་ལྟར་བཞུད་དགོས་པའི་གནས་ལུགས་དེ་བདག་གིས་སྔ་ས་ནས་རྟོགས་ཡོད་མོད།
མཐའ་མའི་ངོ་འཕྲད་ཙམ་ཡང་མ་བྱུང་བའི་གཏན་གྱི་གྱེས་བྲལ་དེ།
ངའི་གློ་སྙིང་རྟོལ་བའི་ན་ཟུག་ཅིག་ཏུ་གྱུར་སོང་།
ད་ནི་ཁྱེད་ཉིད་དྲན་ཐེངས་རེེ་ལ་འགོག་མེད་ཀྱི་མིག་ཆུའི་ཐིགས་པ་དབང་མེད་དུ་རྐང་རྩེར་ཟགས་འགྲོ།
རང་སེམས་གསོ་ཕྱིར་བག་གཡེང་གི་ལས་ལ་བརྩོན་ཀྱང་།
ཁྱེད་ཀྱིས་བདག་ལ་ཅེར་བའི་རེ་སྒུག་གི་སྤྱན་ཟུང་དེ།
དོ་ཞག་ངས་རྨི་ལམ་གྱི་མཇལ་འཛོམས་ཁོ་ནར་རེ་བ་དང་ཀུན་ནས་མཚུངས་ཨང་།

རྨོ་མོ་ལགས།
བདག་གིས་ཁྱེད་ལ་རྒྱུན་དུ་ཁ་པར་གཏོང་མ་ཕོད་པ་ཡང་།
ཁྱེད་ཀྱི་ངུ་ངག་འདྲེས་མའི་གསུང་སྐད་ལ་སྐྲག་ཅིང་།
ཁྱེད་ཀྱིས་ཞལ་ཆེམས་རེ་འཇོག་པར་དོགས་ལ།
ཁྱེད་ཉིད་ད་དུང་སྐུ་ཚེ་ཡུན་དུ་བསྲིང་ན་སྙམ་པས་ཡིན།

རྨོ་མོ་ལགས།
ཁྱེད་ཀྱིས་རྒྱུན་དུ་བདག་ཁོ་ན་གླེང་ཚུལ་དག་དྲན་དུས།
ངས་རང་གིས་རང་ལ་འཁང་ར་བྱེད་ཞོར།
སྐད་ཆེན་པོས་ངུ་ན་འདོད།
མ་ཎི་ཕྲེང་སྐོར་རེ་ཡིས་སྐྱེལ་མ་ཞུ་ཞོར།
མིག་ཆུ་ཁྱོར་བ་གང་རེ་གདུང་བས་གཏོར་ཡོད་པའང་ཁྱེད་ཀྱིས་གཟིགས་ཡོད་པར་ངེས།

རྨོ་མོ་ལགས།
ཁྱེད་ཀྱིས་ཤེས་ཡོད་དམ།
ཁྱེད་ཉིད་བཞུད་ནས་ཟླ་བ་གཅིག་མ་ཟིན་ཙམ་ལ།
སྤོ་བོ་ཡང་གཤེགས་སོང་།
ཁྱེད་ཉིད་མ་འཚམས་པའི་སེམས་སྡུག་གིས་གཤེགས་ཡོད་ཚོད་འདུག
མྱ་ངན་གྱི་མཆི་མའི་ཁྲོད་ནས།
བདག་གིས་ཁྱེད་གཉིས་ལ་སྐྱབས་འཇུག་ཞུ་ཡོད།
རྩ་བའི་བླ་མར་བསྔོ་རྟེན་ཕུལ་ཡོད།

རྨོ་མོ་ལགས།
ཁྱེད་ཉིད་ཐག་རིང་ཐག་རིང་དེར་བཞུད་རྗེས།
བདག་གིས་གཞི་ནས་རྟོགས་སོང་།
གཉེན་ཉེ་འབྲེལ་ཚོའི་འབྲེལ་ཐག་ཁྱེད་ཀྱིས་སྐྱོར་ཡོད་ལ།
ཚའུ་ཚ་མོ་ཚོའི་སེམས་ཐག་ཁྱེད་ལ་སྦྲེལ་ཡོད་པ་རྟོཌ་སོང་།
ཁྱེད་ཉིད་བཞུད་རྗེས།
ད་གཟོད་ཁོང་ཚོའི་རང་གཟུགས་ངོ་མ་དེ་ཕྱི་ལ་མངོན་ཡོད།
ཁོང་ཚོ་སྤྲེལ་ལད་དང་ངོ་སོ་ཁྲོད་ན་ཁོམ་གི་མེད།
ཁོང་ཚོ་རྒྱ་ལྟ་དང་རྒྱ་ཞད་ཁྲོད་ན་འདུར་རྒྱུག་ཆེ།
གང་ལྟར། ད་ནི་རང་གི་ཕ་མ་དང་མིང་སྲིང་ཙམ་ལས།
ཞེ་ཐོགས་ས་ཞིག་དང་བློ་གཏོད་ས་ཞིག་མེད་ལ།
རང་གི་ཞང་པོ་ཚོ་ལས་བཀའ་དྲིན་ཆེ་ཞིང་དྲིན་ལན་འཇལ་དགོས་སའི་གཉེན་ཉེ་གཞན་མེད།

རྨོ་མོ་ལགས།
དོ་ཞག་བདག་གིས་ཁྱེད་ལྷག་ཏུ་དྲན།

༢༠༡༥/༠༡/༡༡

རྩོམ་ཡིག་འདིའི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག 

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s