འཕགས་ཆེན། (ཡུལ་ཤུལ)
ནུབ་ཀྱི་ཟླ་བ་ཆུ་ལ་ཞུགས་པ་ནས
རྨི་ལམ་བཤིག་རྗེས་སུ
ཐ་སྙད་ཀྱི་རི་བོ་ཞིག་གངས་ལ་འཕོས་པ་དང
དྲན་ཤེས་ཀྱི་ཤོག་བྱ་མཁའ་ལ་སྤུར
དེ་དུས་ང་ནི
མཚན་མོ་ཁོ་ནར་དྲན་པའི་རི་མོ་བཞེངས་མཁན་དེ་ཡིན
ཉིན་གཅིག་གི་ཐ་སྙད་བརྒྱ་སྟོང་མང་པོའི་ཁྲོད་དུ
མཚོན་ཐབས་མེད་པའི་སྙིང་གི་བྱུར་དམར་རྡོག་གཅིག
ད་ལྟའི་འགྲུལ་བཞུད་ཀྱི་མཐོང་སྣེ་ན
ཁྱེད་གཅིག་པུའི་མཛེས་སྡུག་གི་གཉུག་གཤིས་འཁོར
ང་ལ་དྲོད་སྣང་དང་བདེ་སྐྱིད་ཀྱི་ལམ་རྒྱགས་བསྩལ
ལམ་གྱི་ཉི་འོད་ངོས་སུ
འོད་ཟེར་སྤྲོ་བསྡུ་བྱེད་པའི་ཉི་མའི་གཉེན་དེ་ཁྱེད་ཡིན་ངེས
ཧ་ཅང་གཏོང་ཕོད་ཀྱིས
འུ་གཉིས་ཀྱི་བར་ཐག་མཚོན་བྱེད་དུ
མི་ཉག་བཞག་བྲ་དཀར་པོ་ཞེས
ཐ་སྙད་ཅིག་གི་ཚབ་ཏུ་ཐ་སྙད་ཅིག་ཕུལ་ཡོད
མཚན་མོའི་མཛའ་གཞས་ཉན་པ་དང
མཚན་མོའི་སྐོར་བྲོ་ལ་བལྟས་པ་ན
ཁྱེད་ཀྱི་འཛའ་གྲོགས་ཤིག་གི་ཚུགས་ཀ་བཟུང་སྟེ
དར་མདོའི་མི་ཚོགས་ཀྱི་གསེང་ནས
དར་མདོའི་གནམ་ས་ལ་བལྟས
དོ་ནུབ་དར་མདོ་ནས་སྙིང་ཁམས་འཁྲུགས་ངེས།
2015.12.28ཉིན་འབྲི་འགོ་བརྩམས་ཤིང་ཚེས29ཉིན་དར་རྩེ་མདོ་ནས་མཇུག་གྲུབ་པར་བྲིས།
རྩོམ་ཡིག་འདིའི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག