རྭ་རྒྱ་དགོན་པའི་བོད་ལོའི་དགུ་གཏོར་ཆེན་མོ་ངོ་སྤྲོད་མདོར་བསྡུས་དང་དེའི་ཕན་ཡོན་ཅུང་ཙམ་བཤད་པ།
དགེ་འདུན་སྦྱིན་པ།
དེ་ཡང་གནམ་ལོ་གསར་བའི་ནང་དུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ། རིས་མེད་ཀྱི་དགེ་འདུན་གྱི་སྡེ་ཆེ་ཆུང་དུ་མའི་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་རྣམས་མི་ཉམས་གོང་དུ་འཕེལ་བ། ནམ་མཁའ་དང་མཉམ་པའི་སེམས་ཅན་སྤྱི་དང་དམིགས་བསལ་བསྟན་པ་རིན་པོ་ཆེ་ལ་གུས་འདུད་ལྷུར་ལེན་བགྱིད་པའི་བསྟན་པའི་སྦྱིན་བདག་རྣམས་ཀྱི་རྐྱེན་ངན་བར་ཆད་ཐམས་ཅད་ཉེ་བར་ཞི་ཞིང་མཐུན་རྐྱེན་ཆོས་དང་འབྱོར་བ་ཕུན་སུམ་ཚོགས་པ་ལ་ལོངས་སུ་སྤྱོད་པ་སོགས་ཀྱི་ཆེད་དུ་དམིགས་ཏེ་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱིས་ལོ་རེ་བཞིན་འཆར་ཅན་གྱི་བོད་ལོའི་དགུ་གཏོར་ཆེན་མོ་ཚུགས་བཞིན་ཡོད་པ་སྟེ། དཔལ་ལྡན་རྒྱུད་པ་གྲྭ་ཚང་ནས་འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་མོའི་མན་ངག་རྣམ་གསུམ་དུ་གྲགས་པའི་ནང་ཚན་འཕྲུལ་འཁོར་ལ་བརྟེན་པའི་ཟློག་ཆེན་སྟེ། འཇིག་བྱེད་ལྷ་བཅུ་གསུམ་མའི་སྒོ་ནས་ལྕགས་མཁར་ཟུར་བཅུ་དྲུག་པའི་སྦྱོར་དངོས་མཇུག་གསུམ་ཡོངས་སུ་ཚང་བའི་གཏོར་ཆེན་དང་། ཡང་ཡི་དམ་དེ་ཡི་སྒོ་ནས་དྲག་པོའི་སྦྱིན་སྲེག་རྒྱས་པ་གཏོང་།
དཔལ་དུས་ཀྱི་འཁོར་ལོའི་གྲྭ་ཚང་ནས་ཡི་དམ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒོ་ནས་མགོན་ཆོས་ལྔའི་བསྐང་གསོལ་རྒྱས་པ་དང་སྦྲགས་པའི་བཅོམ་ལྡན་འདས་མ་གདུགས་དཀར་བོ་ཅན་གྱི་ཟློག་ཆེན་རྒྱས་པ་འཕེན། སྨན་པ་གྲྭ་ཚང་ནས་ཡི་དམ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མ་ལ་བརྟེན་པའི་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་ཆེན་རྒྱས་པ་གཏོང་། ཞབས་བརྟན་གྲྭ་ཚང་ནས་བཅོམ་ལྡན་འདས་པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ལྷ་ཚོགས་ལ་བརྟེན་པའི་ཟློག་ཆེན་དང་། ཚོགས་ཟློག ཆོས་སྐྱོང་དྲེག་པ་ལྕམ་སྲིང་གི་གཏོར་ཟློག་སོགས་དང་འབྲེལ་མནན་སྲེག་འཕངས་གསུམ་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པ་བྱེད། རྨ་གཉན་ཧེད་པོ་ཁྱུང་མགོན་ཡར་སེང་བྱ་རོག་གདོང་གི་གསོལ་མཆོད་ཁང་ནས་ཁ་འབར་མའི་མདོས་ཆེན་འཕེན། འདི་དག་གི་སྐབས་སུ་ཚོགས་ཆེན་ཐོས་བསམ་གླིང་བ་ནས་གཏོར་ཆེན་སོ་སོའི་རྒྱབ་ཆོས་སུ་ཤེས་རབ་སྙིང་བོའི་མདོ་འབུམ་ཐེར་སྒྲོགས་འདོན་བྱེད། གཏོར་ཆེན་གྱི་འཚོགས་ཡུན་ཉིན་བདུན་སོགས་སྦྱིན་བདག་སོ་སོའི་ཉིན་སྐྱོང་གི་གྲངས་ལྟར་ལ། ཉིན་རེའི་འཚོགས་ཡུན་ནི། སྔ་མོའི་ཆུ་ཚོད་བཞི་ཡས་མས་ནས་དགུང་མོའི་ཆུ་ཚོད་བདུན་ཡས་མས་ཀྱི་བར་རྒྱུན་ཆགས་སུ་འཚོགས་པ་རེད། ཚེས་ཉེར་དགུ་ཉིན་བླ་མ་དང་སློབ་དཔོན་གྱིས་གཏོར་ལམ་སོགས་ལ་གསལ་བོར་བལྟ་ཞིང་ཞབས་བརྟན་གྲྭ་ཚང་གིས་ལམ་སེལ་གྱི་རིམ་པ་སྔོན་ཏུ་གཏོང་། ཁྱད་པར་སྒྲ་གཅན་འཁོར་ལོའི་སྟེང་ནས་གཏོར་མ་འཕེན་པའི་ཕྱོགས་དང་དུས་ཚོད་གཏན་འཁེལ་བ་ལྟར་བླ་མ་རྒྱུད་པ་བས་ལིང་ག་བཞུ་ཞིང་ཚོགས་སོ་སོ་གཏོར་རྒྱག་ལ་ལྷན་དུ་ཕེབས་ནས་གཏོར་མ་བརྡེག་པ་དང་དེ་རྗེས་བསྲུང་བའི་འཁོར་ལོའི་གུར་ཁང་སྒོམ་ཞིང་མངའ་གསོལ་སོགས་ཀྱིས་མཐའ་བརྒྱན་པར་བྱེད། ཚེས་ཉེར་དགུའི་དགུང་མོ་ཡི་དམ་ཁང་ནས་བག་ཙེ་གཏོར་རྒྱག་བྱེད། ཚེས་སུམ་ཅུ་ཉིན་རྒྱུད་པ་གྲྭ་ཚང་དང་ཞབས་བརྟན་གྲྭ་ཚང་གིས་དྲག་པོའི་སྦྱིན་སྲེག་བྱེད་པ་རེད། དེ་ལྟར་ན་གྲྭ་ཚང་ཆེན་པོ་མང་བོ་ལྷན་རྒྱས་ཀྱིས་དུས་གཅིག་ཏུ་ཞབས་བརྟན་སྐུ་རིམ་སྟོབས་ལྡན་འདི་འདྲ་སྒྲུབ་པ་དེང་དུས་ཧ་ཅང་ཉུང་བའི་ཚོད་དུ་འདུག དེས་ན་རྨ་ཉིན་སྲིབ་ཀྱི་དད་ལྡན་ཡོངས་ཀྱིས་རང་གི་མེ་ཏོག་ཕོག་པའི་ལྷ་སྐལ་དུ་གྱུར་བའི་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱིས་ཁྱེད་རང་སོ་སོའི་ཚེ་འདི་ཕྱི་ཀུན་ཏུ་དགེ་བའི་ཆོས་ཟབ་མོ་འདི་འདྲ་བསྒྲུབས་དང་སྒྲུབ་པ་ལ་བཀའ་དྲིན་བསམ་ཤེས་དང་ཡིད་ཆེས་དད་མོས་ཀྱིས་རང་རང་གི་ཆ་རྐྱེན་དང་བསྟུན་པའི་འབྲེལ་ཆེ་ཆུང་འཇོག་པ་དང་། གཏོར་ཆེན་སྐབས་ཕྱག་སྐོར་དང་གཏོར་རྒྱག་སྐབས་གཏོར་འོག་ལ་འཛུད་པ་སོགས་བྱས་ན། རྐྱེན་ངན་བར་ཆད་སྣ་ཚོགས་ཕྱིར་ཟློག་པ་ལ་ཐེ་ཚོམ་མེད་དོ། །
སྤྱིར་མི་མང་ཆེ་བར་སྐྱེ་བ་སྔ་མ་མང་བོའི་རིང་ལ་བསགས་པའི་ལས་ངན་སྡིག་སྒྲིབ་དམ་ཚིག་ཉམས་ཆགས་གྲངས་ཀྱིས་མི་ཟིན་པ་ཞིག་མཆིས་ལ། དེ་དག་གིས་བསྐྱེད་པའི་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ཚེ་ཡི་བར་ཆད་རྒྱུ་ཡི་གོད་ཁ་སོགས་སོགས་ཕྱི་ནང་གི་རྐྱེན་ངན་བར་ཆད་ཀྱང་གྲངས་ཀྱིས་མི་ཟིན་པ་ཞིག་མཆིས་པ་ནི། དཔེར་ན། ཐར་དཀའ་བའི་འགག་སྒོ་བཙན་པོ་དུ་མ་ཕྲེང་ལྟར་བསྒྲིག་ཡོད་པ་ལྟ་བུ་ཞིག་དང་མཚུངས། འོན་ཀྱང་དེ་དག་ལས་མང་བོ་ཞིག་སངས་རྒྱས་ཀྱི་བསྟན་པའི་བྱིན་རླབས་དང་། བླ་མ་དཀོན་མཆོག་དང་དགེ་འདུན་གྱི་སྡེ། ཡི་དམ་ཆོས་སྐྱོང་གི་ཐུགས་རྗེ་དང་འཕྲིན་ལས་བཅས་ལ་བརྟེན་ནས་རང་ཞིར་འགྲོ་བཞིན་ཡོད་ཀྱང་སོ་སོས་མིག་གིས་ཐད་ཀར་མཐོང་མ་མཐོང་བ་ཙམ་རེད། ཡིན་ཡང་། སྐྱེ་བ་སྔོན་མ་ལས་ངན་པ་ཚབས་ཆེན་བསགས་ཡོད་པ་དང་། ཚེ་འདིར་ཡང་མཐོང་ཆོས་ལ་མྱོང་འགྱུར་གྱི་ལས་སྟོབས་ལྡན་བྱས་པ། རང་གི་སེམས་ནས་བླ་མ་དཀོན་མཆོག་ལ་དད་པ་དང་མོས་གུས་ཆུང་བས་ཡིད་ཆེས་དང་བློ་གཏད་ཟབ་མོ་བཅོལ་མ་ཐུབ་པ་ལྟ་བུ་སོགས་དྲང་ལྡོག་གི་རྒྱུ་རྐྱེན་བཙན་པོ་མང་དུ་ཚོགས་ཡོད་པའི་མི་ཉུང་ཤས་ཞིག་གི་བར་ཆད་བཟློག་མ་ཐུབ་པ་ལྟ་བུ་སྣང་ལ། དེ་དག་ནི་བླ་མ་དཀོན་མཆོག་དང་དགོན་པ་གྲྭ་ཚང་ལ་བྱིན་རླབས་དང་ནུས་མཐུ་མེད་པ་མ་ཡིན་པར་རང་རང་གི་ལས་ངན་པའི་རྒྱུ་ཚོགས་གྲངས་ཚང་ཟིན་པས་ན་འབྲས་བུ་མི་སྨིན་ཐབས་མེད་ཡིན་ཏེ། མ་ཚང་མེད་རྒྱུ་དེ་ལ་ནི།།འབྲས་བུ་གང་གིས་ཟློག་པར་འགྱུར།།ཞེས་གསུངས་པ་ལྟར་རོ། །
དཔེར་ན། དེང་སང་འཛམ་གླིང་སྟེང་ཚན་རིག་ལག་རྩལ་དར་དེ་མིའི་དོན་ལྔ་སྣོད་དྲུག་སོགས་ཀྱང་གསར་ཏུ་བརྗེས་ཏེ་སྨན་བཅོས་ཀྱིས་མི་སྲོག་སྐྱོབ་ཐུབ་པ་འདུག་ཀྱང་དམིགས་བསལ་ནད་པ་ཁ་ཤས་སྐྱོབ་མི་ཐུབ་པ་དེ་ནི་ནད་པ་དེ་དག་གིས་ནི་རང་རང་སོ་སོའི་ནད་དེ་རང་གིས་རྒྱ་ཡན་དུ་བཏང་བའམ་དོ་སྣང་མ་བྱས་པར་སུས་ཀྱང་བཟློག་ཐབས་མེད་པའི་ཚད་ལ་ཐོན་དུ་བཅུག་ཟིན་པ་ལས་འཛམ་གླིང་གསོ་རིག་གི་ལག་རྩལ་ཞན་སོང་བ་མ་ཡིན་པ་དེ་ལྟ་བུ་རེད། དེས་ན་མི་སོ་སོས་རང་གི་བསམ་པ་རྣམ་པར་དག་པའི་དད་མོས་ཀྱིས་ལོང་ན་གོང་དུ་བཤད་པའི་དམིགས་བསལ་ཅན་ཆེས་ཉུང་ཤས་ཞིག་ལས་སོ་སོའི་རྐྱེན་ངན་བར་ཆད་ཀྱི་བརྒྱ་ཆའི་མང་ཆེ་བ་སེལ་ཐུབ་པར་ཐེ་ཚོམ་མེད། ད་དུང་ཕྱིའི་རྐྱེན་ངན་བར་ཆད་བཟློག་པ་ཙམ་མ་ཡིན་པར་དེ་དག་གི་ཉེ་རྒྱུ་དང་རིང་རྒྱུར་གྱུར་བའི་སེམས་རྒྱུད་ཀྱི་ཉོན་མོངས་དུག་གསུམ་སྡིག་སྒྲིབ་བག་ཆགས་ངན་པ་ཐམས་ཅད་ཀྱང་སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་ཉེ་བར་ཞི་བར་བྱེད་པའི་ཕན་ཡོན་དང་དགོས་པ་དཔག་ཏུ་མེད་པ་ཡོད། གཞན་ཡང་། ལྕགས་མཁར་ཆེན་མོ་ཐུན་རེ་བྱས་ན་ཡ་མ་ར་ཛཱ་དུང་ཕྱུར་བཏོན་པའི་ཕན་ཡོན་འབྱུང་ཞེས་བླ་མ་རྒྱུད་པའི་ངག་སྒྲོས་དང་དམ་པ་གོང་མ་དུ་མའི་གསུང་རྒྱུན་ལ་ཡོད་པ་ལྟ་བུའི་མཚོན་དེ་དང་དེ་མཚུངས་ཀྱི་ཕན་ཡོན་དང་ནུས་པ་ཡང་མང་དུ་ཡོད་ཀྱང་རྒྱས་པར་མ་སྤྲོས་སོ།།
ཞེས་རྭ་རྒྱ་དགོན་རྒྱུད་པ་གྲྭ་ཚང་གི་བླ་མ་ཟུར་བ་དགེ་འདུན་སྦྱིན་པ་ནས།
ཡོང་ཁུངས་བོད་ནང་གི་དྲ་བ།