ཁྱོད་ལ་ཉིན་མོའི་ཆུང་མ་དགོས་སམ།

ཁྱོད་ལ་ཉིན་མོའི་ཆུང་མ་དགོས་སམ། མཚན་མོའི་ཆུང་མ་དགོས།

སྒྱུར་བ་བོ། གཟུ་མིག་གསུམ་པ།

          རྒྱལ་བོ་ཡཱ་ཟིག་དགྲ་ཟླས་གསོན་བཟུང་བྱས་ནས་སྲོག་ཁྲིམས་བཅོད་རྒྱུར་ཐག་གིས་བཅད། ཡིན་ནའང་ཕར་ཕྱོགས་ཀྱི་རྒྱལ་བོས་ཁོ་རང་ལོ་ན་གཞོན་ཞིང་སྤྲོ་སྣང་གིས་ཁེངས་པ་ཞིག་ཡིན་པ་མཐོང་སྟེ་ཧ་ཅང་བློར་བབ། དེ་ནས་རྒྱལ་བོ་དེས་ཡཱ་ཟིག་ལ་དྲིས་ལན་ཐོབ་དཀའ་བའི་དྲི་བ་གཅིག་ལ་ལན་གདབ་རྒྱུའི་གོ་སྐབས་བྱིན་ཏེ། གལ་སྲིད་ཁོས་དྲི་བ་དེར་ལན་ཐོབ་སོང་ཚེ་ཁོ་རང་སྲོག་ཐར་ལ་བཏང་ནས་རང་དབང་སྟེར་རྒྱུར་ཐག་གིས་བཅད།

         དྲི་བ་ནི་འདི་ལྟ་སྟེ། “བུད་མེད་ལ་ཆེས་མཁོ་བ་ནི་ཅི་ཞིག་ཡིན་ནམ། ”ཡཱ་ཟིག་གིས་རང་གི་གམ་གྱི་མི་རེ་རེ་ལ་དྲི་ལན་འདྲི་འགོ་བརྩམས། དཔེར་ན་བཙུན་མོ་དང་ཆོས་དཔོན། ཡོན་ཏན་ཅན་སོགས་ལ་དྲིས་ནའང་། སུ་གཅིག་གིས་ཀྱང་ཁོའི་ཡིད་ཚིམ་པའི་ལན་ཞིག་འདེབས་མ་ཐུབ།

         དེ་ནས་མི་ཞིག་གིས་ཡཱ་ཟིག་ལ་བཤད་རྒྱུར། ཕྱི་རོལ་གྱི་འཇིགས་སུ་རུང་བའི་མཁར་རྫོང་ནང་དུ་ལྷ་མ་བསྡད་ཡོད་ཅིང་། གོ་ཐོས་ལྟར་ན་མོས་མི་ཤེས་པའི་དོན་དག་གཅིག་ཀྱང་མི་འདུག་ཟེར། ཡིན་ནའང་མོར་འབུལ་བ་མང་བོ་སྟེར་དགོས་པར་མ་ཟད་རེ་འདོད་ཀྱང་ཡ་མཚན་ཅན་འདོན་ངེས་ཡིན་ཟེར།

         སྲོག་གཅོད་ཀྱི་དུས་ཆད་ལ་ཐོན་གྲབས་ཡོད་པས། ཡཱ་ཟིག་ལ་གདམ་གསེས་གཞན་མེད་པར་གྱུར་ཏེ་ལྷ་མ་བཙལ་རྒྱུར་ཐག་བཅད་ཅིང་། ལྷ་མས་ཀྱང་ཁོའི་དྲི་བར་ལན་འདེབས་རྒྱུ་ཁས་བླངས་སོང་། ཡིན་ནའང་མོའི་ཆ་རྐྱེན་ནི་ཡཱ་ཟིག་གི་ཆེས་མཆོག་ཏུ་གྱུར་བའི་སྲུང་དམག་ཨ་ཡོད་ནང་གི་དེ་ཡོད་ཀྱི་དཔའ་རྟུལ་གཅིག་པུ་སྟེ། ཁོའི་ཆེས་སྙིང་ཉེ་བའི་གྲོགས་མཆོག་ཅཱ་བིན་དང་གཉེན་སྒྲིག་འདོད་པ་དེ་རེད། ཡཱ་ཟིག་ཧ་ལས་པར་གྱུར་ཏེ་ལྷ་མར་ཞིབ་ལྟ་ཞིག་བྱས། མོའི་སྒལ་བ་སྒུར་ཞིང་ཤིན་ཏུ་སྐྱུགས་བྲོ་ལ། ཁ་ནང་དུ་སོ་གཅིག་མ་གཏོགས་མེད་ཅིང་། ལུས་ཡོངས་སུ་དྲི་ངན་གྱིས་ཁྱབ་པ་ཞིག་འདུག འོན་ཀྱང་ཅཱ་བིན་ནི་དེ་ལས་ལྡོག་སྟེ་གཟུགས་སྟོབས་ཆེ་ཞིང་དཔའ་སྤོབས་ལྡན་པ། གཞུང་རྒྱུད་དྲང་ལ་ངང་རྒྱུད་བཟང་བ། དེ་བཞིན་རྟུལ་ཕོད་ཆེ་བའི་དཔའ་རྒོད་ཅིག་གོ།

        ཡཱ་ཟིག་ན་རེ། “མི་ཆོག ངས་རང་ཉིད་ཀྱི་སྲོག་ཐར་ཆེད་གྲོགས་པོར་ནན་གྱིས་ཁྱོད་ལྟ་བུའི་བུད་མེད་ཆུང་མར་ལེན་དུ་འཇུག་ག་ལ་རུང་། དེ་མིན་ངས་ཚེ་གང་བོར་རང་ཉིད་ལ་གུ་ཡངས་གཏོང་ཐུབ་རྒྱུ་མ་རེད། ”ཅེས་གཏན་ནས་ཁས་མ་བླངས། ཅཱ་བིན་གྱིས་གནས་ཚུལ་འདི་ཤེས་རྗེས་ཡཱ་ཟིག་ལ་བཤད་རྒྱུར། “ངས་མོ་ཆུང་མར་བླང་ཆོག ཁྱེད་དང་རང་རེའི་རྒྱལ་ཁབ་ཀྱི་ཆེད་དུ། ”ཟེར།

        དེ་ནས་ཁོ་གཉིས་ཀྱིས་ཚང་མའི་རིག་ས་ནས་གཉེན་སྟོན་ཡང་གཟབ་རྒྱས་བྱས་ཤིང་། ལྷ་མས་དྲི་བ་དེའི་དྲིས་ལན་ཡང་འདི་ལྟར་གསལ་བོར་བཤད་སོང་། “བུད་མེད་ལ་ཆེས་མཁོ་བ་ནི། རང་ཉིད་ཀྱི་ལས་དབང་ལ་རང་ཉིད་ཀྱིས་ཁ་ལོ་བསྒྱུར་ཆོག་པའི་རང་དབང་ངོ་།།” ལྷ་མས་དེ་ལྟར་རླབས་ཆེན་གྱི་གནས་ལུགས་ཤིག་བཤད་པར་ཚང་མར་ཡིད་ཆེས་ཡོད་ཅིང་། དེ་ཡིས་ཡཱ་ཟིག་ལའང་རང་དབང་འཐོབ་ཏུ་བཅུག་གོ།

         གཉེན་སྟོན་སྟེང་དུ་ལྷ་མས་ལག་བརྒྱབ་ནས་སྡེར་ཁ་ཟ་བ་དང་། མཚམས་མེད་པར་སྐྱུགས་བུ་བྱེད་པ། ད་དུང་ཁ་བཙོག་ཚོད་མེད་དུ་བཤད་པ་སོགས་བྱས་པས་མགྲོན་པོ་ཚང་མ་སྐྱུགས་བྲོ་བར་གྱུར། ཡཱ་ཟིག་གིས་སྣང་ཚུལ་དེ་མཐོང་ནས་སྐྱོ་བ་ཚད་མེད་སྐྱེས་ཏེ་མིག་ཆུ་ཤོར་གྱིན་འདུག་ནའང། ཅཱ་བིན་ནི་སྔར་བཞིན་རྒྱུན་ལྡན་དུ་གནས། གཉེན་སྟོན་གྱི་དགོང་མོར། ཅཱ་བིན་གྱིས་མི་མང་གིས་བློ་བཤོལ་རྒྱག་པར་ཁ་ཡ་མ་བྱས་པར་བག་ཁང་དུ་འཛུལ་ཏེ། ཡོད་ཚད་ལ་གདོང་གཏད་དེ་དང་ལེན་བྱ་བར་རྩོམ་པའི་ཚེ་ན། གློ་བུར་མིག་ལམ་ལ་སྣང་བ་ནི་གཏན་ནས་ངོ་མི་ཤེས་པའི་མཛེས་མ་འཇིག་རྟེན་སྟེང་མཐོང་དཀོན་པ་ཞིག་གིས་ཁོའི་མལ་ཁྲིའི་སྟེང་ན་སྒུག་འདུག་པ་དེ་རེད། དོན་ངོ་མར་དེ་ནི་གཞན་ཞིག་མ་ཡིན་པར་ལྷ་མ་སྟེ། མོས་ད་རུང་ཅཱ་བིན་ལ་བཤད་རྒྱུར། “ང་ནི་ཉིན་ཞག་གཅིག་གི་དུས་ཡུན་ཕྱེད་ཀར་ལྷ་མ་དང་། ཕྱེད་ཀར་ཡིད་འོང་མཛེས་མར་འགྱུར་འགྲོ་བ་ཡིན།དེས་ན་ཅཱ་བིན་ཁྱེད་ཀྱིས་ང་རང་ཉིན་དཀར་མཛེས་མར་འགྱུར་ན་བསམ་མམ་མཚན་མོར་མཛེས་མར་འགྱུར་ན་འདོད།” ཅེས་སོགས་དྲིས་བྱུང་། འདི་བརྣག་དཀའ་བའི་དྲི་བ་ཞིག་སྟེ། གལ་སྲིད་ཁྱེད་རང་ཅཱ་བིན་ཡིན་ན། ཁྱེད་ཀྱིས་གདམ་གསེས་ཇི་ལྟར་བྱེད་ངེས་ཡིན།

           འཚམས་འདིར་མི་གཤིས་སེམས་ཁམས་རིག་པའི་སློབ་དཔོན་ཆེན་མོས་སློབ་ཁྲིད་བྱེད་མཚམས་བཞག་པ་ན། སློབ་གྲོགས་རྣམས་ཡུད་ཙམ་རིང་ཁུ་སིམ་མེར་འདུག་ཅིང་། དེ་ནས་མུ་མཐུད་དེ་ཚ་ཚ་འུར་འུར་ངང་བགྲོ་གླེང་སྣ་ཚོགས་བྱེད་འགོ་བརྩམས། དྲིས་ལན་ཡང་དེ་བཞིན་ཡར་མར་བཅོ་བརྒྱད་དུ་འདུག་མོད། སྤྱི་བསྡོམས་བྱས་ཚེ་རྣམ་པ་གཉིས་སུ་འདུག ཕྱོགས་གཅིག་གིས་ཉིན་དཀར་ལྷ་མ་དང་། མཚན་མོ་མཛེས་མ་ཡིན་ན་འགྲིག་སྟེ། རྒྱུ་མཚན་ཆུང་མ་ནི་རང་ཉིད་ཁོ་ནར་དབང་བས་ན། ཉིན་དཀར་གཞན་ལ་ངོམ་སོ་བྱ་དགོས་དོན་མེད་པ་དང་། ཡང་ཕྱོགས་གཞན་དེས་བདམས་པ་ནི་ཉིན་དཀར་མཛེས་མར་འགྱུར་རྒྱུ་དེ་རེད། རྒྱུ་མཚན་ནི་ཉིན་དཀར་མི་གཞན་དག་གི་མཐོང་ལམ་ནས་ཁྱད་ཆོས་ངོམ་ཐུབ་པས་བཟང་ལ། མཚན་མོར་ཕྱི་རོལ་ནས་སྤྲོ་སྤྱིད་ལ་རོལ་ཆོག་པས་དགོས་མཁོ་མེད་ཅིང་། ཕྱིར་ཁྱིམ་དུ་བསླེབས་ནས་གཉིད་དུབ་སོང་ཚེ་ཅི་ཡང་མི་མཐོང་བས་ཡག་བཙོག་གང་ཡིན་ཡང་ཆོག་ཟེར། ཚང་མས་དྲིས་ལན་བཏབ་པར་གསན་རྗེས། སློབ་དཔོན་ཆེན་མོས་རང་གི་བསམ་ཚུལ་ཅི་ཡང་མ་བརྗོད་པར་ཐད་ཀར་གཏམ་རྒྱུད་འདིར་ད་དུང་མཇུག་འབྲས་ཡོད་དེ། ཅཱ་བིན་གྱིས་མཐའ་མཇུག་གདམ་གསེས་ཤིག་བྱས་ཡོད་ཚུལ་ཙམ་གསུངས་པ་ན། ཚང་མས་སློབ་དཔོན་ལགས་ཀྱིས་གང་མྱུར་མཇུག་འབྲས་ཅི་བྱུང་གསུང་རོགས་ཞེས་ཞུ་བ་འཐེན་པ་ན། སློབ་དཔོན་ན་རེ། ཅཱ་བིན་གྱིས་གདམ་གསེས་བྱས་པའི་ལན་ནི་འདི་ལྟ་སྟེ། “ཁྱེད་ཀྱིས་བཤད་ན་བུད་མེད་ལ་ལ་ཆེས་མཁོ་བ་ནི་རང་གིས་རང་གི་ལས་དབང་ལ་ཁ་ལོ་བསྒྱུར་ཆོག་པ་དེ་ཡིན་ཟེར། དེས་ན་ངས་འུ་གཉིས་ཀྱི་དོན་དག་འདིའི་ཐག་གཅོད་ཀྱི་གདམ་གསེས་ཁྱེད་རང་ལ་བྱིན་པ་ཡིན།” ཞེས་བཤད་པ་ན། ལྷ་མ་གཞི་ནས་ཡིད་འགུལ་ཐེབས་ཤིང་ངོ་གདོང་མཆི་མས་བརླན་ཏེ། ང་ཉིན་མཚན་རྟག་ཏུ་མཛེས་མར་འགྱུར་རྒྱུ་ཡིན། རྒྱུ་མཚན་ཁྱེད་ལ་བརྩི་བཀུར་ལྡན་ཞིང་ངའི་སེམས་ཤེས་ཀྱིན་འདུག་པས་ཡིན། ཞེས་བཤད་པ་དེ་རེད།

            སློབ་མ་ཚང་མ་འདང་རྒྱག་གི་ནང་དུ་ལྷུང་སོང་། རྒྱུ་མཚན་མི་གཅིག་གིས་ཀྱང་ཅཱ་བིན་གྱི་གདམ་གསེས་དེ་འདྲ་བྱེད་ཐུབ་མ་སོང་བས་ཡིན། ང་ཚོར་མཚམས་ལན་རེར་སྒེར་སེམས་ཆེ་དྲགས་ཀྱིན་མེད་དམ། ང་ཚོས་རང་གི་དགའ་ཕྱོགས་ཁྱེར་ནས་གཞན་གྱི་འཚོ་བར་ཁ་ལོ་སྒྱུར་བའི་སྐབས་སུ་གཏན་ནས་གཞན་ཕྱོགས་ཡིད་འཐད་ཡིན་མིན་ལ་ལྟ་བཞིན་མེད། དེ་ལས་ལྡོག་སྟེ་ཁྱེད་ཀྱིས་གཞན་ལ་བརྩི་བཀུར་བྱས་ཤིང་བསམ་ཤེས་བསྒོམ་ཐུབ་ཚེ། ནམ་ཡང་ཁྱེད་ལ་ཕྱིར་ཐོབ་པ་ནི་དེ་ལས་ཀྱང་མང་བའི་ལག་ཡོང་ཁོ་ན་ཡིན། དེ་བཞིན་ཁྱེད་རང་དོན་ངོ་མར་གཞན་གྱིས་དགའ་མོས་བྱ་སའི་མི་ཞིག་བྱ་འདོད་ན། ངེས་པར་དུ་དམ་ཆོས་ཀྱི་དགོངས་དོན་རྣམ་པ་གསུམ་ལ་དབང་འབྱོར་དགོས་ཏེ། དེ་དག་ནི་བཟོད་སྒོམ་དང་བརྩི་བཀུར། ཡིད་ཆེས་བཅས་སོ།།

ཡོང་ཁུངས་བོད་ནང་གི་དྲ་བ།

1 Comment on ཁྱོད་ལ་ཉིན་མོའི་ཆུང་མ་དགོས་སམ།

  1. གངས་རྡེའུ། // 01/17/2016 at 11:14 am // Reply

    ང་ཅཱ་བིན་གྱི་བསམ་བློར་བྲོ་བ་འདུག

    Like

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s