ཨབ་རཱ་ཧམ་ལེན་ཁུན་གྱིས་རང་གི་བུའི་དགེ་རྒན་ལ་བསྐུར་བའི་ཡི་གེ

____ཨ དོན་ཉིས་དབྱིན་བསྒྱུར་བྱས།

          དེ་རིང་ནས་བཟུང་ངའི་བུ་སློབ་གྲྭར་འགྲོ་བའི་མགོ་བརྩམས་ཡོད།  ཁོ་ལ་མཚོན་ན་དེ་ནི་འདྲིས་ཆ་མེད་པའི་འཚོ་བ་གསར་བ་ཞིག་ཡིན་ངེས་པས། དགེ་རྒན་ཁྱེད་ཀྱིས་ཁོ་རང་བྱམས་བརྩེའི་ངང་སྐྱོང་བའི་རེ་བ་བྱེད། ཁོ་རང་སློབ་གྲྭར་ཞུགས་པ་ནི་གཉན་འཕྲང་ཆེ་བའི་གླིང་ཕྲན་གཞན་ཞིག་འགྲིམ་པ་དང་འདྲ་བོ་ཡོད་དེ། དེ་ནི་གཡུལ་ལ་ཆས་པ་དང་སེམས་པ་སྐྱོ་བ། སྡུག་ལ་ཐུག་པ་དང་ཟུག་ཚོར་ལྕི་བ་བཅས་ཀྱི་འབྱུང་ཁུངས་ལྟ་བུ་ཞིག་ཡིན་ངེས། ཚེ་སྲོག་ཆུང་ཆུང་འདི་གསོན་ཐུབ་པར་ཡིད་ཆེས་དང་བརྩེ་བ། སྙིང་སྟོབས་བཅས་ཀྱི་མཐུན་རྐྱེན་འཛོམས་དགོས།

          བརྩེ་བའི་དགེ་རྒན་ལགས། རྒྱུ་མཚན་དེ་འདྲའི་དབང་གིས། ཁྱེད་ཀྱིས་ཁོའི་ལག་པའི་བཟུང་ནས་ངེས་པར་རྟོགས་དགོས་པའི་ཤེས་བྱ་རྣམས་ཁོ་ལ་འཇམ་འཁྲིད་གནང་རོགས།

         མི་སུ་ཡིན་རུང་སོ་སོར་དགྲ་བོ་ཡོད་ལ་གྲོགས་པོ་ཡང་ཡོད་པ་བུ་ལ་སློབ་ཁྲིད་གནང་དགོས།  མི་ཐམས་ཅད་དྲང་པོ་མིན་པ་བཞིན་དུ་མི་ཐམས་ཅད་མི་བསླུ་བ་མིན་པ་ཡང་ཁོས་ཏན་ཏན་རྟོགས་དགོས།  འོན་ཀྱང་གང་ན་མི་ཁྲེལ་མེད་ཡོད་ན་དེ་ན་དཔའ་བོ་ཡོད་པ་དང་།  གང་ན་ཆབ་སྲིད་པའི་གཡོ་ཇུས་ཡོད་ན་དེ་ན་དབུ་ཁྲིད་གཅིག་གི་འགྱུར་མེད་ཀྱི་དམ་ཚིག་ཡོད་པ་ཁོ་ལ་སློབ་ཁྲིད་གནང་དགོས།

lonkin

  དཀའ་ལས་བརྒྱབ་ནས་བསོགས་པའི་དངུལ་ལ་སྒོར་ཟུར་བརྒྱ་ཆའི་བཅུ་ལས་མེད་ནའང་། དེ་ལ་ཨ་སྒོར་གཅིག་ཐང་ནས་དོན་མེད་རྙེད་པ་ལས་རིན་ཐང་ལྡབ་འགྱུར་གྱིས་ཆེ་བ་སློབ་ཁྲིད་གནང་དགོས།  སློབ་གྲྭའི་ནང་ནས་རང་ཉིད་མགོ་སྐོར་གཏོང་བ་ལས་ནམ་ཡང་བསྟོད་བསྔགས་མ་ཐོབ་ན་ཡག་པོ་ཡོད་པ་སློབ་ཁྲིད་གནང་དགོས།  ཕམ་ཁ་རེག་དུས་ཀྱང་ཁོ་ལ་གཤེ་བར་མི་བྱ་བར་བསྟོད་ར་གཏོང་དགོས། རྣམ་པར་རྒྱལ་དུས་ཁོ་ལ་སྤྲོ་བ་འཕེལ་བའི་རམ་འདེགས་མཛད་དགོས།

           ཁྱེད་ཀྱིས་ཐུབ་ན། མི་ཡ་རབས་ལ་ཐུག་དུས་ཡ་རབས་དང་།  མི་གཤིས་གྱོང་ལ་ཐུག་དུས་གཤིས་གྱོང་གི་མི་གཞི་ཡོད་པའི་སློབ་ཁྲིད་གནང་དགོས། ཁོ་ཕྲག་དོག་ལ་གཡོལ་དགོས་པ་དང་། ལྐོག་ཏུ་ཡིབ་སྟེ་ཁ་རོག་གེར་འཕྱ་མཁན་ཡོད་པ་ཡང་སློབ་ཁྲིད་གནང་དགོས།  ཁྱེད་ཀྱིས་ཐུབ་ན། ཁོ་རང་སྐྱོ་བའི་སྐབས་སུ་ཇི་ལྟར་དགོད་དགོས་པ་དང་མིག་ཆུའི་ཁྲོད་ན་ངོ་ཚ་མེད་པ་ཡང་སློབ་ཁྲིད་གནང་དགོས།  ཕམ་ཁའི་ཁྲོད་ན་གཟི་བརྗིད་ཡོད་པ་དང་ལམ་ལྷོང་བྱུང་ཀྱང་ཡིད་ཆད་སྐྱེ་དུས་ཡོད་པའི་སློབ་ཁྲིད་ཡང་གནང་དགོས།  བསྟན་བཤིག་ཚ་བོ་ལ་ཁ་གཏད་གཅོག་པ་དང་། ཨམ་ཅོག་ནང་འཇེབས་པོ་རྐྱང་རྐྱང་བཤད་མཁན་གྱི་མི་ལའང་དོགས་ཟོན་བྱེད་དགོས་པའི་སློབ་ཁྲིད་གནང་དགོས།

         ངོ་མཚར་ཆེ་བའི་དཔེ་ཆ་སློབ་ཁྲིད་གནང་བ་དང་མཉམ་དུ། ཐོག་མ་ཉིད་ནས་གསང་བར་གྱུར་བའི་བར་སྣང་གི་འདབ་ཆགས་དང་། ཉི་མའི་ཀློང་གི་སྦྲང་བུའི་འཁོར་དང་། ལྗང་མདོག་གི་རི་ངོགས་སུ་བཞད་པའི་མེ་ཏོག་གི་ཚོགས་བཅས་ཀྱི་གསང་བ་བསྔོགས་ཕྱིར་ཁུ་སིམ་པའི་ཁོར་ཡུག་ཡང་ཁོ་ལ་བསྐྲུན་དགོས།  མི་ཀུན་གྱིས་ཁོའི་མནོ་བསམ་མཐའ་དག་ནོར་འཁྲུལ་རེད་ཅེས་སྐྱོན་བརྗོད་བྱེད་ན་ཡང་། རང་ཉིད་ཀྱི་བསམ་བློ་ལ་མི་ཕྱེད་པའི་ཡིད་ཆེས་བརྟན་པོ་ཡོད་དགོས་པའི་བསླབ་བྱ་གནང་དགོས།

         ངའི་བུ་ལ། མི་མང་པོས་འཚང་ཁ་ཤིག་ཤིག་ཏུ་བྱ་བ་སྣ་གཅིག་བསྒྲུབས་པའི་བཙང་རྒྱག་ཁྲོད་གཡམ་གྱིས་རྒྱུག་མི་འགྲོ་བའི་ཁེར་ཚུགས་ཀྱི་སྙིང་སྟོབས་སྦྱིན་དགོས།  མི་ཐམས་ཅད་ལ་དོ་སྣང་བྱེད་དགོས་པའི་བསླབ་བྱ་གནང་དགོས།  མིག་གིས་མཐོང་བ་དང་རྣ་བས་ཐོས་པ་ཐམས་ཅད་ལ་དབྱེ་བ་གསལ་བོ་ཕྱེ་ནས་བདེན་པ་དང་བཟང་པོ་ཡིན་པ་འབའ་ཞིག་བསམ་བློའི་ནང་ཉར་ཚགས་བྱེད་དགོས་པའི་སློབ་ཁྲིད་གནང་དགོས།

          རང་ལ་ཡོད་པའི་རིག་རྩལ་ཡོད་རྒུ་བཏོན་ནས་གླ་ཆ་མཐོ་སར་སྙེགས་དགོས་པའི་སྐུལ་མ་གཏོང་དགོས། འོན་ཀྱང་། སེམས་དང་བསམ་བློའི་ནང་དངུལ་སྒོར་ཁོ་ན་མི་བསམ་པར་རང་ལ་བདག་སྐྱོང་དང་གཞན་ལ་རོགས་པ་བྱེད་དགོས་པའི་སློབ་ཁྲིད་ཡང་ནན་ཏན་གནང་དགོས།

          རང་ལ་བདེན་ཁ་ཡོད་ན། ཟིང་འཁྲུག་སློང་མཁན་གྱི་ཆོ་ངེ་ལ་དཔའ་རྟུལ་ཆེན་པོས་གདོང་ལེན་བྱེད་དགོས་པའི་བསླབ་བྱ་གནང་དགོས།  ཁོ་པ་བྱམས་བརྩེའི་ནང་ནས་སྐྱོང་དགོས། ངག་འཇམ་གཤིས་ཀྱིས་འཁྲིད་དགོས།

         གལ་ལ་ཐུག་དུས་ངང་སྒུག་བྱེད་མི་བཏུབ་པའི་བློ་ཁོག་ཡོད་པའི་བསླབ་བྱ་གནང་དགོས། སྙིང་ཤེད་དགོལ་བར་ངང་རྒྱུད་རིང་དགོས་པའི་ཁྲིད་སྟོན་གནང་དགོས།  རང་ཉིད་ལ་དུས་ནམ་ཡང་དགའ་དད་དཔེ་མེད་ཡོད་དགོས་པའི་སློབ་ཁྲིད་གནང་དགོས། ཅི་ལ་ཟེར་ན། ཁོ་རང་ཉིད་ལ་དགའ་དད་ཡ་མཚན་ཡོད་པ་ཡིན་ན། མིའི་རིགས་ལ་ཡང་རབ་ཏུ་དགའ་ངེས་ཡིན། འདི་ནི་དཀའ་ཁག་ཆེ་བའི་བཅོལ་གདམས་ཤིག་ཡིན་ནའང་།  ཁྱེད་ཀྱིས་དེ་བཞིན་བསྒྲུབ་ཐུབ་མིན་ལ་ཚོད་ལྟ་བྱེད་རོགས།  བདག་གི་བུ། ཡ་རབས་བཟང་སྤྱོད་ལྡན་པའི་བུ་ཆུང་སྙིང་རྗེ་བོ་ཞིག་ཡིན་ནོ།།

          གསལ་བཤད། ཡི་གེ་འདི་ཨབ་རཱ་ཧམ་ལེན་ཁུན་གྱི་ཕྱག་བྲིས་ཉར་ཚགས་བྱས་ཡོད་པ་གང་དུའང་མེད་པས་ལེན་ཁུན་གྱིས་བྲིས་པ་ཞིག་མ་རེད་ཅེས་གླེང་མཁན་མང་བོ་བྱུང་ཡོད།  མ་གཞི་མི་ཆེ་གེ་མོས་སྐད་གྲགས་ཆོད་པའི་ལེན་ཁུན་མཆོག་གི་མཚན་མིང་བེད་སྤྱོད་བྱས་ནས་བྲིས་པ་ཞིག་རེད་ཅེས་ཟེར་སྐད།  འོན་ཀྱང་ལེན་ཁུན་གྱིས་བྲིས་པ་མིན་པ་ལ་ཁུངས་བཙུན་པའི་དཔང་བོ་ཞིག་ད་སྔ་རྙེད་མི་འདུག

རྩོམ་ཡིག་འདིའི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག 

དཔྱད་མཆན་སྤེལ།

%d