རང་བྱུང་རིང་ལུགས་ཀྱི་སློབ་གསོའི་དགོངས་པ།


འཛམ་གླིང་སློབ་གསོའི་བསྟན་བཅོས་གྲགས་ཅན་ངོ་སྤྲོད།

སྦྲ་ནག་བློ་བཟང་།

          རོའོ་སོ།(1712-1778卢梭,ROUSSEAU.)ཁོང་ནི་ཧྥ་རན་སིའི་རླབས་ཆེ་བའི་བློ་འབྱེད་བསམ་བློ་མཁན་དང་མཚན་ཉིད་རིག་པ་མཁན། སློབ་གསོ་མཁན། རྩོམ་རིག་མཁན། དབྱངས་རྩོམ་མཁན་བཅས་ཡིན་པ་མ་ཟད། དུས་རབས་༡༨ཧྥ་རན་སིའི་གསར་བརྗེ་ཆེན་པོའི་བསམ་བློའི་མདུན་སྐྱོད་པ་དང་བློ་འབྱེད་ལས་འགུལ་གྱི་ཆེས་སྔོན་ཐོན་གྱི་མི་སྣ་གཅིག་པུ་ཡིན། “དེང་རབས་དམངས་གཙོའི་ཆབ་སྲིད་ཀྱི་ཡབ་ཆེན་”ཞེས་པའི་མཚན་སྙན་ཐོབ་ཡོད།


རང་བྱུང་སློབ་གསོའི་ལམ་ཆེན།

            —༼ཨེ་མེ་ཨར་༽གྱི་ཀློག་འགྲེལ།

         ཀློག་མཁན་ལགས། ཁྱེད་ཀྱི་ལག་ཏུ་བཟུང་བའི་༼ཨེ་མེ་ཨར་༽ཞེས་པའི་དེབ་འདིའི་རྩོམ་པ་པོ་ནི། དུས་རབས་གཅིག་གི་བསམ་བློ་མཁན་རོའོ་སོ་མཆོག་ཡིན་ཞིང་། དེབ་འདི་བརྩམ་པར་ཁོང་གིས་འབད་བརྩོན་ཆེན་པོ་ཞིག་གནང་བ་སྟེ། སྔ་ཕྱིར་མི་ལོ་ཉི་ཤུའི་རིང་ལ་བསམ་གཞིག་བཏང་ཞིང་། མི་ལོ་གསུམ་གྱི་ཡུན་ལ་མཇུག་རྫོགས་པར་བྲིས། དེབ་འདི་དཔར་སྐྲུན་བྱས་ཏེ་ཅུང་མ་འགོར་བར། ཧྥ་རན་སིའི་ཆོས་ཚོགས་ཀྱིས་དེབ་འདི་བཙོང་མི་ཆོག་པ་བྱས་པ་མ་ཟད་རྩ་མེད་དུ་གཏོང་དགོས་པར་ཁྱབ་བསྒྲགས་བྱས་ཤིང་། རྩོམ་མཁན་རོའོ་སོ་མཆོག་ཀྱང་ཧྥ་རན་སིའི་སྲིད་གཞུང་གིས་འཛིན་བཟུང་བྱ་རྒྱུའི་བརྡ་ཡིག་སྦྱར་བ་སོགས་བྱས་པའི་རྐྱེན་གྱིས། བརྩམས་ཆོས་འདི་ལ་རྟོག་དཔྱོད་ནན་མོ་ཞིག་ཐེབས་ཏེ་ཆེས་མཐོ་བའི་སྙན་གྲགས་ཀྱང་ཐོབ་པ་ལགས། སྐབས་དེར་ཡོ་རོབ་སྐམ་སའི་སློབ་གསོ་མཁན་དང་མཚན་ཉིད་རིག་པ་མཁན་སོགས་ལ་མཚོན་ན་ཕན་ཚུན་འགྲན་པའི་ཚུལ་དུ་བཀླག་ཏེ་མཐོང་རྒྱ་གསར་བ་ཞིག་བསྐྱེད་ཀྱིན་ཡོད་ལ། འཇར་མན་གྱི་ཆེས་རླབས་ཆེ་བའི་མཚན་ཉིད་རིག་པ་མཁན་གྲགས་ཅན་ཁང་ཏི་མཆོག་གིས་ཀྱང་༼ཨེ་མེ་ཨར་༽བཀླག་པས། ཁོང་གི་མི་ལོ་མང་བོའི་རིང་གི་འཚོ་བའི་སྒྲིག་སྲོལ་དང་ངལ་གསོའི་དུས་ཚོད་ཡང་བརྗེད་སོང་བ་ཡིན་ཏེ། བཤད་ཚུལ་ལ་ཁོང་ཉིད་གཟའ་འཁོར་གཅིག་གི་རིང་སྒོ་ཕྱིར་མ་བུད་པར་གྲགས། རྗེས་སུ་མི་རྣམས་ཀྱིས་༼ཨེ་མེ་ཨར་༽ནི་ཕུ་ལ་ཐོའི་༼ཕུགས་བསམ་རྒྱལ་ཁབ་༽ཀྱི་འཕྲོར་ནུབ་གླིང་དུ་ཆེས་འཐུས་ཚང་དང་ཆེས་མ་ལག་ཅན་གྱི་སློབ་གསོའི་རིག་གཞུང་ཡིན་པར་བཤད། དེབ་འདི་ཡིས་གཞུག་ཕྱོགས་ཀྱི་སློབ་གསོའི་རིག་གཞུང་ལ་གཏིང་ཟབ་པའི་ཤན་ཤུགས་ཐེབས་ཡོད་པས། སློབ་གསོའི་གཞུང་ལུགས་མང་པོ་ཞིག་གི་རྩ་བ་དེབ་འདིའི་ཁྲོད་དུ་རྙེད་ཐུབ་ཏེ། དཔེར་ན་འཛམ་གླིང་ཁོར་མོ་ཡུག་གི་ནང་དུ་ཤུགས་རྐྱེན་ཐེབས་པའི་བྱིས་པའི་སློབ་གསོའི་གསར་བརྗེ་ཐེངས་གཅིག་ཅེས་བྱ་བ། ཉེ་ལམ་ཀྲུང་གོར་དར་ཁྱབ་ཧ་ཅང་ཆེ་བའི་མོན་ཐེ་སོ་རིའི་སློབ་གསོའི་བྱེད་ཐབས་ཞེས་པའང་༼ཨེ་མེ་ཨར་༽ལ་ཁུངས་གཏུགས་ཡོད།


གཅིག

         དེ་ཡང་རོའོ་སོ་ནི་ཧྥ་རན་སིའི་བློ་འབྱེད་བསམ་བློ་མཁན་དང་མཚན་ཉིད་རིག་པ་མཁན། སློབ་གསོ་མཁན། རྩོམ་རིག་མཁན། རོལ་དབྱངས་མཁན་ཞིག་ཡིན་ལ། དུས་རབས་18ཧྥ་རན་སིའི་གསར་བརྗེ་ཆེན་པོའི་བསམ་བློའི་སྣེ་ཁྲིད་དང་བློ་འབྱེད་ལས་འགུལ་གྱི་ཆེས་ཐོད་བརྒལ་གྱི་མི་སྣ་གཅིག་པུ་བཅས་ཡིན་པས། “དེང་རབས་དམངས་གཙོའི་སྲིད་ཇུས་ཀྱི་ཡབ་” ཅེས་པའི་མཚན་སྙན་ཐོབ། སྤྱི་ལོ་1712ལོའི་ཟླ་6ཚེས་28ཉིན་སིའི་ཙེར་གྱི་རི་ནེ་ཝར་འཆམ་སྡོམ་བྱེད་པའི་མུ་སི་ལམ་ཆོས་གསར་ལ་དད་མཁན་གྱི་ཧྥ་རན་སིའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཤིང་། ཁོང་གི་ཡུམ་ནི་ཆོས་དཔོན་ཞིག་གི་ཁྱིམ་དུ་སྐྱེས་ཤིང་ཡ་རབས་སྤྱང་གྲུང་ལྡན་པ་ཞིག་ཡིན་མོད། རོའོ་སོ་སྐྱེས་ནས་ཉིན་འགའི་རྗེས་སུ་ཚེ་ལས་འདས་པས། རོའོ་སོ་ཡི་ཡབ་ནི་ལག་རྩལ་མཐོ་བའི་ལག་འདོགས་ཆུ་ཚོད་རྡུང་མཁན་ཞིག་ཡིན་ལ། ཞབས་བྲོའི་དགེ་རྒན་ཞིག་ཀྱང་ཡིན། ཡབ་དང་ཨ་ནེ་གཉིས་ཀྱིས་བསྐྱངས་ཏེ་རོའོ་སོ་ནར་སོན། སྤྱིར་ན་རོའོ་སོ་ལ་རང་དང་ལོ་ན་བདུན་གྱིས་ཆེ་བའི་ཕུ་བོ་ཞིག་ཡོད་མོད། རང་ཁྱིམ་དང་ཁ་བྲལ་ཏེ་ཕྱིན་པས་རོའོ་སོ་ནི་ཁྱིམ་གྱི་བུ་ཕྲུག་གཅིག་པུར་གྱུར། རོའོ་སོའི་ཡབ་ནི་དཔེ་ཆ་ཀློག་རྒྱུར་ཧ་ཅང་དགའ་བས། ནུབ་ཟས་ཟོས་རྗེས་རོའོ་སོའི་ཨ་མས་བཞགས་པའི་སྒྲུང་གཏམ་དག་ཀློག་འདོན་བྱས་ཏེ་མཚན་ཕུད་རྒྱུར་དགའ། དེ་ལྟར་རོའོ་སོ་ལ་ཡབ་ཀྱི་ཤུགས་རྐྱེན་བཟང་པོ་ཐེབས་ཏེ་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཆགས་པས། བྱིས་དུས་ཀྱི་སེམས་ཁམས་ཡག་པོ་ཞིག་གྲུབ། ལོ་བདུན་ལ་སོན་པའི་རོའོ་སོ་ཡིས་ཁྱིམ་དུ་ཡོད་པའི་དཔེ་དེབ་ཚང་མར་བལྟས་ཚར་བ་དང་། གཞན་གྱི་ས་ནས་དཔེ་ཆ་གཡར་ཡོང་སྟེ་དཔེ་ལྟ་བྱས། རོའོ་སོ་ཡིས་ཕུ་ལོས་ཐ་ཁི་ཡི་༼གྲགས་ཆེན་མི་སྣའི་རྣམ་ཐར་༽སོགས་ལོ་རྒྱུས་ཀྱི་སྐོར་གྱི་དཔེ་ཆར་བལྟས་ཏེ་ལོ་རྒྱུས་མི་སྣའི་ཤུགས་རྐྱེན་དང་ཡབ་ཀྱི་སློབ་སྟོན་གྱིས་རོའོ་སོ་ལ་རང་དབང་གི་བསམ་བློ་དང་དམངས་གཙོའི་དགོངས་པ་ཟབ་མོའི་མྱོང་ཚོར་སྐྱེས། ཁོང་ལ་ཁྱད་དུ་འཕགས་པའི་དམ་པའི་དཔེ་འཛིན་གྱི་ལྷན་སྐྱེས་ལྡན་པས་ཁོང་གིས་ལོ་རྒྱུས་ཀྱི་རླབས་ཆེན་མི་སྣ་མིག་དཔེར་མཛད་དེ། རྒྱུན་ལྡན་གྱི་ཁ་བརྡའི་ཁྲོད་དུའང་ལོ་རྒྱུས་ཀྱི་རླབས་ཆེན་མི་སྣ་དག་དཔེ་དུ་འགོད་པར་བྱེད། རོའོ་སོ་ལོ་ན་བཅུ་ལ་སོན་པའི་ལོ་དེར་ཡབ་མི་གཞན་ཞིག་དང་གྱོད་ལ་ཐུག་སྟེ་ཁྱིམ་ནས་ཕྱིར་འགྲོ་དགོས་ཐུག་པས། ཁོང་གི་བདེ་སྐྱིད་ཀྱི་བྱིས་དུས་ཀྱང་འདི་ནས་མཇུག་རྫོགས་སོང་། རང་གི་ཨ་ཁུ་ཞིག་གིས་རོའོ་སོ་ཆོས་དཔོན་ཞིག་གི་སར་བསྐྱལ་ཅིང་། ལོ་གཉིས་ཀྱི་རིང་ལ་ལ་ཏེན་ཡི་གེ་ཁོང་དུ་ཆུད་། ལོ་ན་བཅུ་གསུམ་གྱི་སྐབས་སུ་ཨ་ཁུ་ཡིས་ཡང་བསྐྱར་རོའོ་སོ་ཁྲིམས་རྩོད་པ་ཞིག་གི་སར་བསྐྱལ་ཏེ་ཁྲིམས་རྩོད་དང་རྩིས་གཉེར་བསླབ་ཏུ་བཅུགས། འོན་ཀྱང་རོའོ་སོ་ལས་རིགས་དེར་ཧ་ཅང་སྡང་བས་ཅུང་མ་འགོར་བར་ལས་གནས་ལས་ཕྱིར་བུད། དེ་རྗེས་རོའོ་སོ་ཡང་རྐོ་བཟོ་བ་ཞིག་གི་ལག་གཡོག་བྱེད་དུ་བཅུགས་པས་ཁོ་རང་ལས་རིགས་འདིར་ཧ་ཅང་དགའ་བོ་ཡོད་མོད། དགེ་རྒན་དེ་ཧ་ཅང་གདུག་རྩུབ་ཆེ་པས་ཐེངས་ཤིག་རོའོ་སོ་ཡིས་གྲོགས་པོ་ཞིག་ལ་སྐྱ་མིའི་ཐོབ་རྟགས་ཤིག་བཟོ་སྐབས་དགེ་རྒན་གྱིས་ཁོས་དངུལ་སྒོར་རྫུན་མ་བཟོ་བར་སྙམས་ཏེ་གཅར་རྡུང་དྲག་པོ་བྱས། དུས་ཚོད་འདིའི་རིང་ལ་རོའོ་སོ་ཡིས་རྒྱུན་པར་ཉེ་འགྲམ་གྱི་དཔེ་ཆ་གཡར་སའི་ཚོང་ཁང་དུ་སོང་སྟེ་དཔེ་ཆར་ལྟ་བཞིན་ཡོད་པས། ལས་ཀར་འགོར་འགྱང་བྱུང་བར་རྐྱེན་བྱས་ཏེ་དགེ་རྒན་གྱི་སྡིག་དམོད་དང་གཅར་རྡུང་མྱངས། འོན་ཀྱང་རོའོ་སོ་ཡིས་ཚོང་ཁང་ནང་གི་དཔེ་ཆ་ཕལ་ཆེ་བ་བཀླག་ཚར་ཞིང་། དཔེ་ཀློག་གིས་ཁོང་གི་སྐྱོན་ཆ་མང་པོ་ཞིག་བཟོ་བཅོས་བྱེད་ཐུབ་པར་གྱུར་བ་མ་ཟད། ནང་སེམས་སུ་ཁྱད་དུ་འཕགས་ཤིང་བླ་ན་མཐོ་བའི་ཚོར་སྣང་ཞིག་གིས་ཁྱབ་པས། ལོ་ན་བཅུ་དྲུག་གི་སྐབས་སུ་རོའོ་སོ་ཡིས་སེམས་ཐག་བཅད་དེ་འཁྱམ་སྡོམ་གྱི་འཚོ་བ་རོལ་འགོ་བརྩམས། ཁོས་རང་ཉིད་ཁེར་ཚུགས་དང་རང་དབང་གིས་ཡོད་ཚད་སྙོམས་སྒྲིག་བྱེད་ཐུབ་པར་ཡིད་ཆེས་མཛད། ཁོང་གིས་འཚོ་གནས་ཀྱི་ཕྱིར་དུ་སློང་མོ་བ་དང་གཡོག་པོ། སློབ་མ། དོ་དམ་པ་སོགས་བྱས་མྱོང་། དཀའ་སྡུག་གི་འཚོ་བའི་ཁྲོད་དུ་རོའོ་སོ་ཡིས་དམངས་ཀྱི་དཀའ་ངལ་ལ་རྒྱུས་ལོན་དང་མནར་གཅོད་དང་དྲང་བདེན་མིན་པའི་འདུ་ཤེས་བསྐྱེད། རོའོ་སོ་ཡིས་ལོ་ན་ཉི་ཤུ་ཡས་མས་སུ་ཧྥོལ་ཐེ་དང་པེ་ཨར། ཏིས་ཁ་ཨར། ལོ་ཁི། ལེ་པུ་ནེ་ཚེ། མུན་ཏི་སི་སོགས་ཀྱི་གསུང་རྩོམ་ལ་གཟིགས་ཏེ་ཤེས་ཡོན་གྱི་གཏེར་དུ་གྱུར། ༡༧༤༢ལོར་རོའོ་སོ་ཕ་རིས་སི་ལ་སླེབས་ཏེ་གྲོགས་པོས་འོས་སྦྱོར་བྱས་པ་ལྟར་ལྕམ་མོ་ཧྭ་ལུན་ངོ་ཤེས་ཤིང་། རྗེས་སུ་ཁོང་གི་དགའ་རོགས་དང་གསོ་མ་རུ་གྱུར།


གཉིས།

        རོའོ་སོ་ཡིས་སློབ་གསོའི་བསམ་བློ་དང་སྤྱི་ཚོགས་ཆབ་སྲིད་ཀྱི་དགོངས་པ་འབྲི་བྱར་བཟུང་བའི་༼ཨེ་མེ་ཨར་༽ནི་༡༧༥༧ལོར་བྲིས་ཚར་ཞིང་། ༡༧༦༢ལོར་ཧི་ལན་དུ་ཐོག་མར་པར་དུ་བསྐྲུན། དེབ་འདིར་མི་དར་མའི་ནུས་པ་དང་དགོས་མཁོ་གཞི་རྩར་བཟུང་བའི་སྲོལ་རྒྱུན་གྱི་སློབ་གསོར་དགག་པ་བརྒྱབས་ཏེ། སློབ་གསོ་ནི་“རང་བྱུང་དུ་ལོག་ན་འོས་མཐུན་ཡིན་པའི་ལྟ་ཚུལ་བཏོན་ཏེ། རང་དབང་དང་འདྲ་མཉམ། སྒེར་ཚུགས་སོགས་དུས་རབས་འཕེལ་རྒྱས་ཀྱི་རེ་འདུན་དང་འཕྲོད་པའི་མི་གསར་བ་སྐྱེད་སྲིང་བྱ་དགོས་པའི་ལྟ་ཚུལ་བཏོན། འདིའི་རང་བྱུང་ཞེས་པར་སྒྲིག་གཞི་རྙིང་བའི་སྒེར་དོན་ཅན་དག་ཁྲོ་ཞིང་སྡང་བས། སྐབས་དེར་ཧྥ་རན་སི་རུ་༼ཨེ་མེ་ཨར་༽བཀག་དེབ་ཏུ་གྱུར་བ་མ་ཟད། རྩོམ་པ་པོར་ཡང་འཇིགས་སྐུལ་དང་འཁྱམ་སྡོམ་གྱི་དཀའ་སྡུག་མྱོང་དགོས་བྱུང་། ༼ཨེ་མེ་ཨར་༽དེབ་འདིར་ཁྱོན་ཁག་ལྔ་ཡོད་ཅིང་། མི་སྣ་གཙོ་བོ་ཨེ་མེ་ཨར་སྐྱེས་པ་ནས་དར་མའི་བར་གྱི་སློབ་གསོའི་བརྒྱུད་རིམ་བྲིས་ཏེ། ན་ཚོད་ཀྱི་རིམ་པ་མི་འདྲ་བར་བསྟུན་ཏེ་སྔ་ཕྱི་ལྟར་ལུས་རྩལ་སློབ་གསོ་དང་ཚོར་ཤེས་སློབ་གསོ། ཤེས་རབ་སློབ་གསོ། ཀུན་སྤྱོད་སློབ་གསོ། བརྩེ་དུང་སློབ་གསོ་སོགས་སློབ་གསོའི་རྩ་དོན་དང་ནང་དོན། བྱེད་ཐབས་སོགས་མ་ལག་ལྡན་པའི་སྒོ་ནས་རང་ཉིད་ཀྱི་སློབ་གསོའི་གཞུང་ལུགས་དང་སློབ་ཁྲིད་ཀྱི་བསམ་བློ་བཅས་བཏོན་ཡོད། ལྟ་ཚུལ་འདི་དག་གི་གཙོ་སྐུད་ནི་“རང་བྱུང་དུ་ཕྱིར་ལོག་སྟེ་ལྷན་སྐྱེས་འཕེལ་རྒྱུས་སུ་གཏོང་པ་”དེ་ཡིན།

ཁག་དང་པོ། ལོ་གཉིས་ཡན་གྱི་བྱིས་པར་ཇི་ལྟར་ལུས་རྩལ་སློབ་གསོ་སྤེལ་ཏེ། བྱིས་པ་རང་བྱུང་གི་ངང་དུ་འཚར་ལོང་ཡོང་བར་གཙོ་བོར་རྒྱས་བཤད་མཛད་ཡོད།
ཁག་གཉིས་པ། ལོ་གཉིས་ནས་བཅུ་གཉིས་བར་གྱི་བྱིས་པར་ཚོར་ཤེས་སློབ་གསོ་སྤེལ་དགོས་ཏེ། ན་ཚོད་འདི་དུས་སུ་བྱིས་པའི་བསམ་གཞིག་གི་ནུས་པའི་འདང་མེད་པས་སོ། །
ཁག་གསུམ་པ། ལོ་བཅུ་གཉིས་ནས་བཅོ་ལྔའི་བར་གྱི་ན་ཆུང་རྣམས་ལ་ཤེས་རབ་སློབ་གསོ་སྤེལ་དགོས་ཏེ། ན་ཚོད་འདིའི་དུས་སུ་ཚོར་ཤེས་ཀྱི་མྱོང་བ་བརྒྱུད་དེ་ཉམས་མྱོང་འགའ་རེ་བསགས་ཡོད་པས་ཡིན།
ཁག་བཞི་པ། སྤྱི་ཚོགས་སུ་འཇུག་འགོ་ཚུགས་པའི་ལོ་ན་བཅོ་ལྔ་ནས་ཉི་ཤུའི་བར་གྱི་གཞོན་ནུ་རྣམས་ལ་ཀུན་སྤྱོད་ཀྱི་སློབ་གསོ་སྤེལ་དགོས།
ཁག་ལྔ་པ། བུ་མོའི་སློབ་གསོ་དང་ཕོ་མོའི་བརྩེ་དུང་གི་སློབ་གསོ་གླེང་ཡོད་པ་མ་ཟད། བུ་མོའི་སློབ་གསོའི་བཅོས་སྒྱུར་གྱི་འཆར་གཞིའང་བཏོན་ཡོད།


གསུམ།

        རོའོ་སོ་མཆོག་གིས་“བདག་གིས་ཆེས་ཐོག་མར་བྱམས་བརྩེ་དང་བསམ་གཞིག་ལེགས་པའི་མ་ཡུམ་ལགས་ཀྱི་ཆེད་དུ་རྩོམ་ཐུང་ཞིག་འབྲི་བར་སྙམ་མོད། ལྷུག་བརྗོད་མཛད་ཡུལ་གྱི་གནད་དོན་དེ་ཉིད་ཀྱིས་ཤེས་མེད་ཚོར་མེད་ཀྱི་ངང་ནས་དེབ་ཅིག་བྲིས་ཚར་བར་བྱས་སོང་། འདིའི་ཁྲོད་དུ་བསམ་ཚུལ་དང་ལྟ་ཚུལ་དག་ལ་གོ་རིམ་ཟེར་བ་ཅི་ཡང་མེད་ལ་འབྲེལ་བའང་ཆེར་མེད། ནང་དོན་གྱི་ཆ་ནས་བཤད་ན་གནད་ལ་ཤིན་ཏུ་འཁེལ་ཡོད་མོད། གནད་དོན་གང་ཞིག་འགྲེལ་བཤད་སྐབས་ཅུང་ཉུང་བ་ཡིན། བརྩམས་ཆོས་འདི་ཉིད་དཔར་སྐྲུན་བྱ་རྒྱུའི་ཐད་བདག་གིས་བསམ་གཞིག་མང་པོ་བཏང་བ་ཡིན་ཏེ། མ་གཞིར་དཔེ་ཆ་ལེགས་པོ་ཞིག་འབྲི་སྙམ་མོད། གྲུབ་འབྲས་དེ་འདྲའི་མངོན་གསལ་ཞིག་ཐོན་མ་ཐུབ། གལ་ཏེ་ང་ཚོས་བྱིས་པའི་སློབ་གསོར་བཟུང་བའི་གོ་དོན་ལ་འདུ་ཤེས་འཛིན་སྟངས་ཀྱི་ཆ་ནས་ནོར་འཁྲུལ་བྱུང་ཡོད། ང་ཚོས་མི་དར་མའི་བསམ་གཞིག་དང་བྱེད་ཐབས་བཀོལ་ཏེ་བྱིས་པར་སློབ་གསོ་བྱེད་ཀྱིན་ཡོད་པས། དེའི་མཇུག་འབྲས་ནི་ངེས་པར་དུ་ནོར་འཁྲུལ་ཅིག་ཡིན་པ་སྨྲོས་མ་དགོས། དངོས་པོའི་བྱེད་པོས་འཇིག་རྟེན་བྱ་དངོས་རྣམས་ཐོག་མར་བསྐྲུན་ཚེ། གདོད་མའི་རྣམ་པ་ནི་མཛེས་སྡུག་ལྡན་པ་ཞིག་ཡིན་མོད། མིའི་རིགས་ཀྱིས་འདི་དག་ཡོད་ཚད་གཏོར་བཤིག་ཏུ་བཏང་། ཁོ་ཚོས་བྱ་དངོས་ཀྱི་རྩ་བའི་རྣམ་པ་མཐོང་མི་འདོད་པ་ནང་བཞིན། མི་ཡང་དེ་མཚུངས་རེད། དེ་བས་ཁོ་ཚོས་བྱ་དངོས་རང་གྲུབ་ཀྱི་ངོ་བོ་ཉ་ཉོག་ཏུ་བཟོས་ཏེ། རང་བྱུང་གི་གདོད་མའི་བྱ་དངོས་དེ་ཉིད་རང་ཉིད་ཀྱི་མོས་འདུན་ལྟར་བསྒྱུར་བཟོ་བྱེད་པ་ཡིན། ངོ་བོའི་འབྱུང་ཁུངས་ཀྱི་ཐོག་ནས་བཤད་ན། མིའི་རིགས་ནི་ལེགས་བཅོས་ཀྱི་གསོ་སྐྱོང་བྱེད་པར་ཤིན་ཏུ་མོས་པ་ཞིག་ཡིན། སྐྱེས་པ་ནས་བཟུང་སློབ་གསོ་མ་ཐོབ་པའི་མི་ཞིག་ལ་མཚོན་ན། དེ་ནི་ཚོད་དཔག་མི་ནུས་པ་ཞིག་ཡིན་ཏེ། བབ་ཆགས་ཀྱི་ལྟ་ཚུལ་དང་དབང་ཤུགས། འདོད་སྲེད། གོམས་སྲོལ། སྤྱི་ཚོགས་ཀྱི་ལམ་ལུགས་སོགས་ཀྱིས་བརྩེ་བ་ཅི་ཡང་མེད་པར་ཁོ་ཚོའི་ལྷན་སྐྱེས་རྩ་མེད་དུ་གཏོང་གིན་ཡོད། དེ་བས། གསལ་སྣང་གི་མ་ཡུམ་སྔོན་མཐོང་མཛད་རྒྱུ་ནི་བདག་གི་རེ་བ་ཡིན། འཚར་ལོངས་ཡོང་བཞིན་པའི་བྱིས་པའི་སྨྱུ་གུར་སྲུང་སྐྱོབ་གནང་ནས། དེར་ཆུ་འདྲེན་པ་སོགས་བྱས་ཏེ་མི་སྐམ་པར་བྱས་ན་ཉིན་ཞིག་ཁྱོད་ལ་དགའ་སྤྲོ་བསྐྱལ་འོང་། ལོ་བཅུའི་སྡོང་བོ་དང་ལོ་བརྒྱའི་མི་ཞེས་པའི་གནས་ལུགས་དང་འདྲའོ། ། ང་ཚོས་མི་ལ་སློབ་གསོ་བཏང་སྟེ་ཁོར་སྤྱི་ཚོགས་ལ་མཁོ་བའི་འཇོན་ནུས་བྱེ་བྲག་པ་ཞིག་འཛོམས་པར་བྱེད་ན། ངེས་པར་དུ་བྱིས་པ་ནས་འགོ་འཛུགས་དགོས་ཏེ། དེ་ལྟ་མིན་ན་མིའི་རིགས་སྔ་མོ་ནས་ཉམས་རྒུད་དུ་སོང་ཚར་བ་ཡིན། ང་ཚོ་སྐྱེས་པ་ནས་ཉམ་ཆུང་དང་དབུལ་བོ། གླེན་པ་བཅས་ཡིན་པས་ཆེས་རོགས་འདེག་མཁོ་བ་ཡིན། དེ་བས་ང་ཚོར་སྟོབས་ཤུགས་དང་བརྡར་གཅོད་ཀྱི་ནུས་པ་ལྡན་པར་འབད་པ་བྱ་དགོས་ཤིང་། འདི་དག་ཚང་མ་སློབ་གསོའི་ཁྲོད་ནས་ཐོབ་ཡོང་དགོས་པ་ཡིན། མི་རེ་རེའི་ཚེ་གང་པོར་སློབ་གསོའི་གསོ་སྐྱོང་རིགས་གསུམ་ཡོད་དེ། རང་བྱུང་དང་མི། བྱ་དངོས་ལས་ཐོབ་པ་སྟེ། རང་བྱུང་གི་སློབ་གསོ་དང་མིའི་སློབ་གསོ། བྱ་དངོས་ཀྱི་སློབ་གསོ་སོགས་ཚང་མ་ང་ཚོ་མིའི་རིགས་ཀྱིས་ངེས་པར་དུ་དང་ལེན་བྱ་དགོས་པའི་སློབ་གསོའི་རིགས་གསུམ་ཡིན། བྱེ་བྲག་ལ་གཞིགས་ཏེ་བཤད་ན། གལ་ཏེ་སློབ་གསོའི་རིགས་འདི་གསུམ་གཅིག་གྱུར་དང་དམིགས་འབེན་མཐུན་པར་བྱས་ཚེ། དེའི་དམིགས་ཡུལ་དུ་སླེབས་ཐུབ། འདི་ལྟ་བུའི་བྱེ་བྲག་གི་སྟེང་ནས་ཆེས་ལེགས་པའི་སློབ་གསོ་ཐོབ་ཡོད་ཅེས་བཤད་ཆོག ” ཅེས་གསུངས་སོ། །

༢༠༡༥ལོའི་ཟླ༡༡ཚེས༡༤ཉིན།

ཡོང་ཁུངས་གཞི་རིམ་སློབ་གསོའི་གླིང་སྟེགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s