དྲན་པའི་གདངས།

གཟུངས་ཕྱུག་སྐྱིད།

___གཅུང་མོ་ཚེས་རིས་ལ་ཕུལ་བ།

ནམ་མཁའ་འདི་ནི་སྨྲེང་བས་ངུ་འམ་ཆར་གྱི་ཐིགས་པ་སིམ་སིམ་འབབ།།
ས་ཆེན་འདི་ཡང་སྐྱོ་བས་གདུང་ངམ་དབུགས་ཀྱི་རྒྱུ་བ་རིང་དུ་ལེན།།
ཤུན་ཏུ་རིང་བའི་བར་ཐག་དག་གིས་སྤྲིན་གྱི་ཁ་བ་སེམས་སུ་ཆགས།།
ཤར་ནུབ་སྦྲེལ་བའི་འཕྲིན་པ་རེ་རེ་དྲན་པ་སྒུལ་བའི་བརྡ་རུ་འབྱོར།།

གཅུང་མོ་སེམས་ཀྱི་ཚེས་རིས་ཆུང་ཆུང་དོ་ནུབ་ཡུལ་ཕྱོགས་གང་ན་ཡོད།།
དལ་མེད་འཁོར་བའི་མུན་ལུང་སྐྱ་མོས་གཅུང་མོ་ངལ་བར་བྱས་སམ་ཅི།།
སེམས་ཀྱི་གཙང་བོ་ཤག་ཤག་བཞུར་བས་མིག་གི་ཆུ་རིས་འོད་དུ་འཁྱུག།
ངག་གི་སྨྲེང་པ་གྱ་གྱུར་བཞུར་བས་དྲན་པའི་མེ་ཏོག་ལྷུག་ལྷུག་བཞད།།

མེ་ལོང་ངོས་ཀྱི་དབྱངས་རྟ་དེ་ལ་ང་ནི་ད་དུང་ཧད་ནས་ཡོད།།
དྲན་པའི་སྐྱོ་བ་བརྗོད་ཐབས་བྲལ་བས་ཡིག་ཕྲེང་རེ་རེ་བརྐོ་བཞིན་ཡོད།།
ལས་ཀྱིས་བསྐོས་པའི་གྱེས་བྲལ་འདི་ལ་མི་འདོད་འཁང་ར་བྱེད་ཀྱིན་ཡོད།།
མཉམ་འཛོམས་བརྩེ་དགའི་འཛུམ་ཆུང་དེ་ཡང་རྨི་ལམ་ནང་དུ་བཙལ་བཞིན་ཡོད།།

འདི་ནས་བརྩིས་པའི་མི་ལོ་བཅུ་གསུམ་རིང་དུ་སོང་བའི་རྗེས་ཤུལ་དེ།།
རེ་བའི་འདུན་པ་རུམ་གང་ཁྱེར་ནས་ས་མཐའ་སྙེག་པའི་བྱུང་བ་དེ།།
བཙན་པོའི་དམག་གི་སོ་མྱུལ་བར་ནས་འཇིགས་སྣང་མྱངས་པའི་མཚན་མོ་དེ།།
བྲག་སྐྱབས་ཤིག་གི་སྡོམ་དྲ་རེ་རེར་ཅེར་གྱིས་བལྟས་པའི་ཚོར་བ་དེ།།

སྨག་གི་སྐར་མའི་མིག་ཟུང་བརྩི་བཞིན་རང་ཡུལ་དྲན་པའི་གདུང་བ་དེ།།
ན་མཉམ་གྲོགས་ཀྱི་ལག་རྡང་ཁྲོད་ནས་བཙན་གྱིས་དགད་པའི་ཨུ་ཚུགས་དེ།།
ནུབ་ཀྱི་མཁའ་མཐའ་སྐྱོ་བས་འཇལ་བའི་འཚོ་གནས་རྒུད་པའི་ཕམ་ཁ་དེ།།
རི་ངོགས་ཤིག་གི་དབུ་རྩེ་གཡར་ནས་ཕྱོགས་སུ་གྱེས་པའི་ས་སྲོད་དེ།།

དྲན་པའི་སེམས་པ་ཁྱེད་ལ་རྐྱོང་བྱེད་མཛའ་གཤིས་གསེར་གྱི་གཤོག་པ་ཡིན།།
སྐྱོ་བའི་གདུང་བ་ཡིད་ལ་བསྐྱིལ་བྱེད་ཚོར་བ་བརྡོལ་པའི་ཆུ་རྒྱུན་ཡིན།།
མི་ཚེ་གཅིག་གི་མྱོང་བ་རྙེད་པའི་འཚོ་བའི་རབ་གསལ་མཐོན་པོ་ཡིན།།
མདོར་ན་འུ་གཉིས་མཉམ་དུ་སྦྲེལ་བྱེད་ལས་དབང་འདི་ཡི་ཐིག་ཤིང་ཡིན།།

 

2016 1 21ཉིན་བྲིས་ཨོ་གླིང་ནས།

རྩོམ་ཡིག་འདིའི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག 

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s