མཚོ་ལྷོ།  འབའ་དུང་སྲས།

མཛའ་དུང་གི་བཞེངས་བའི་རི་མཐོའི་བརྡ་རྟགས།།
སྤོ་སྒུལ་གྱི་ནུས་པས་འཛིན་ཐུབ་དཀའ་ཡང་།།
ལས་དབང་གི་སྤྲད་པའི་རྨི་ལམ་ཁྲ་ཁྲ།།
བཞིན་བཟང་གི་སྒྲོལ་མའི་ཐུགས་ལ་བཞག་ཡོད།།

རྒྱུ་ཤུགས་ཀྱི་རླུང་རྟའི་འཕུར་སྟངས་ཟད་པོ།།
ཁེར་རྐྱང་གི་གོམ་སྟབས་ཡང་མོས་མནན་ན།།
ཞེན་ཕྱོགས་ཀྱི་སྨྱུག་རྩེའི་འཁྱུག་རྩལ་མཉེན་མོ།།
འཇོ་སྒེག་གི་སྒྲོལ་མའི་མདུན་ནས་འཁྲབ་ཡོད།།

ཤེས་བརྩོན་གྱི་སློབ་རྭའི་དབྱངས་རྟ་ཆད་པོ།།
དབེན་སུལ་གྱི་རི་ཆུའི་གཞོང་ལ་བཏང་ཀྱང་།།
བརྩེ་འཛུམ་གྱི་མིག་མཐའི་སིལ་ཆང་ཞིམ་པོ།།
གཞུང་དྲང་གི་སྒྲོལ་མའི་ཞལ་ལ་འཁྱིལ་ཡོད།།

ཚན་རྩལ་གྱི་གློག་མདའི་རྣོ་སྐུད་རྩུབ་མོས།།
རི་ལུང་གི་སྙིང་ཁྲག་འཕྲལ་ཀྱིས་བཅད་ཀྱང་།།
ཟོལ་མེད་ཀྱི་ཨ་མའི་བྱམས་དུང་གཉོམ་པོ།།
གཤིས་འཇམ་གྱི་སྒྲོལ་མའི་ལུས་ལ་བཅུག་ཡོད།།

རིགས་རུས་ཀྱི་ལྷ་ཡི་རྨུ་ཐག་རིང་མོ།།
སྐད་ཡིག་གི་འཆིང་ཐག་སྲ་མོས་བསྡམ་ན།།
གངས་དཀར་གྱི་ཨ་མའི་ནུ་ཞོ་དྭངས་མོ།།
སྐྱེས་ཡག་གི་སྒྲོལ་མའི་སྟོབས་ལ་དྲངས་ཡོད།།

བཙན་ཤུགས་ཀྱི་ལྕགས་ཀྱུའི་ཟོར་འབུག་རྩེ་གསུམ།།
ཉམ་ཆུང་གི་ཚོར་བའི་འཇང་ལ་བཙུགས་ཀྱང་།།
རྣམ་དཔྱོད་ཀྱི་མེ་དཔུང་དགུང་ལ་མཆེད་པའི།།
རིག་བཟང་གི་སྒྲོལ་མའི་ཟིལ་གྱིས་མནན་ཡོད།།

2013. 4. 8. ཉིན་མཚོ་ཤར་ནས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading