མི་ཉག་བཀྲ་ཤིས་ཆོས་ལྡན།
དགོན་སྡེ་དང་ཆོས་སྒར་གང་ཞིག་ལ་གྲྭ་ལོག་མང་པ་ནི་དགོན་སྡེ་དེ་དང་ཆོས་སྒར་དེའི་གཟི་བརྗིད་ཅིག་ཏུ་ངེས་ཤིང་། གྲྭ་ལོག་མེད་པའི་དགོན་སྡེ་དང་ཆོས་སྒར་དག་ནི་འཐུས་སྒོ་ཚང་བའི་འདུལ་ཁྲིམས་མེད་པའི་འདུས་སྡེ་ཞིག་གོ། ངས་འདི་ལྟར་བཤད་ཡོང་དུས་ཁྱོད་ལ་བསམ་ཡུལ་ལས་འདས་པའི་ལྡོག་ཕྱོགས་ཀྱི་འཆར་སྣང་ཞིག་ངང་གིས་ཐོན་ཡོང་སྲིད། རེད་དེ། འདུལ་བ་ལ་གཅེས་ཤིང་བསྟན་པ་ལ་ཤ་ཚ་མཁན་ཞིག་ཡིན་ཕྱིན། གནད་དོན་དེ་བདེན་པའི་ལམ་ནས་སྤོབས་པས་གླེང་ཆོག་པ་ཞིག་ཏུ་འདོད། དེ་ནི་བསྟན་པ་ཞིག་དང་འདུལ་ཁྲིམས་ཤིག་གི་ཆགས་འཇིག་གི་གནད་དོན་ལ་དོ་དམ་བྱེད་པ་ཙམ་ལས་གཞན་ཅི་ཡང་མིན།
དེང་གི་ཆར་དགོན་སྡེ་རུལ་སུངས་པ་མང་པོས་གྲྭ་བ་འཁྲུལ་བཅས་ཡིན་མིན་དང་། རབ་བྱུང་སྤུས་གཙང་ཡིན་མིན་ལ་འགན་ཁུར་མེད་པར་གྲྭ་བའི་གྲངས་འབོར་འབའ་ཞིག་ལ་འབད་འབུངས་བྱེད་ཀྱིན་ཡོད་པ་དེ་ནི་ཆེས་གླེན་པའི་ལམ་ལུགས་ཤིག་ཏུ་མཐོང་། གནད་དོན་དེ་ནི་དགོན་སྡེ་དག་ལ་གཞི་མེད་སྐུར་འདེབས་ཤིག་གཏན་ནས་མིན་པར། ཉེ་རྒྱང་གི་དགོན་སྡེ་མང་པོར་དར་སྲོལ་ཆེ་བའི་དངོས་ཡོད་ཀྱི་གནད་དོན་ཞིག་རེད།
དེའི་ཕྱིར། གྲྭ་བའི་གྲངས་འབོར་ཙམ་ཞིག་དམིགས་འབེན་དུ་བཟུང་བའི་དགོན་སྡེ་དག་ནི། དོན་དམ་པར་འདུལ་ཁྲིམས་ཉམས་པའི་འདུས་སྡེ་ཞིག་དང་ཆོས་ཀྱི་ཁྲིམས་ལུགས་མེད་པའི་སྤྱི་ཚོགས་ཤིག་རེད། དེ་འདྲ་བའི་འདུས་སྡེ་དེར་ལུང་ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་ཉུང་ལ། རྟོགས་པའི་བསླབ་པ་གསུམ་གྱི་ཉམས་ལེན་ནི་དེ་བས་དཀོན།
འདུལ་བའི་སྐབས་ནས་བསྟན་པའི་གནས་དབྱུང་དང་སྤང་བསྙིལ་སོགས་ཀྱི་ལག་བསྟར་མེད་པའི་འདུས་སྡེ་དེ་ནི། ཆབ་སྲིད་ཀྱི་ལྟ་བ་དང་ཁྲིམས་ལུགས་ཀྱི་འདུ་ཤེས་མེད་པའི་རྒྱལ་ཁབ་ལྟ་བུ་ཡིན་པས། དེ་དག་ལ་ཡར་རྒྱས་དང་གོང་འཕེལ་ཞེས་པའི་ཐ་སྙད་དེ་ནམ་ཡང་ཐོབ་རྒྱུ་མེད། དམིགས་ཡུལ་དང་འབྲས་བུ་མེད་པའི་འདུས་སྡེའམ་དགོན་སྡེ་དེ་ནི་ཆོས་ཀྱི་སྤྱི་ཚོགས་དང་འཇིག་རྟེན་གྱི་སྤྱི་ཚོགས་གང་དུའང་མི་གཏོགས་པའི་ཕུང་གསུམ་པའི་འདུས་སྡེ་ཞིག་རེད།
དཔེར་ན། ཉེ་བའི་ཆར་གྲྭ་ཇོ་ཡི་འཕེལ་ཁ་ཆར་རྗེས་ཀྱི་ཤྭ་མོ་རྡོལ་བར་འདྲ་བའི་ཆོས་ཚོགས་ཆེ་ཆུང་འགའ་ཞིག་ཏུ། འདུལ་བ་གཞི་གསུམ་གྱི་ཆོ་ག་མི་གཙོ་ལ། འདུལ་བའི་ཆད་ལས་ཀྱི་ཕྱག་ལེན་མི་སྣང་། མ་ཟད། ཆེས་གལ་ཆེ་བ་སྟེ་གཞུང་ཆེན་བཀའ་པོད་ལྔ་ལ་འཆད་ཉན་བྱེད་མཁན་ཡང་ཉིན་གུང་གི་སྐར་མ་ནང་བཞིན་རེད། ལྷག་པར་དུ་ཕུན་སུམ་ཚོགས་པའི་འདུལ་བའི་ཕྱག་ལེན་མེད་པའི་འདུས་སྡེ་དེ་ནི། གྲྭ་ཇོ་ཤོམ་ཆེན་ཚོས་འཁྲབ་སྟོན་བྱེད་ཡུལ་ཞིག་ཏུ་མི་འགྱུར་པའི་ངེས་པ་ག་ལ་ཡོད།
གྲྭ་ལོག་མེད་པའི་དགོན་སྡེ་དང་ཆོས་སྒར་དེ་ནི་འཐུས་སྒོ་མ་ཚང་བའི་དགོན་སྡེ་དང་ཆོས་སྒར་ཡིན་ཏེ། དཔེར་ན། བཙོན་ཁང་མེད་པའི་རྒྱལ་ཁབ་ཇི་བཞིན་ཡིན། དེ་ནི་སངས་རྒྱས་ཀྱི་དགོངས་དོན་མི་སྒྲུབ་པའི་འདུས་སྡེ་ཞིག་ཀྱང་ཡིན་ཏེ། ཆོས་ཁྲིམས་ཀྱི་ར་བ་མེད་པའི་རང་སྣང་གང་ཤར་གྱི་མི་རྐྱང་ཚོམ་བུ་ཞིག་ཡིན་པས་སོ། །
དེ་ནི་རང་མཚན་དུ། འགན་ཁུར་མེད་པའི་སློང་མོ་བ་ཁྱུ་གཅིག་རེད་ཟེར་ཡང་ཐལ་མི་ཆེ་བར་ཐག་གིས་ཆོད། གྲྭ་ལོག་མེད་པའི་དགོན་སྡེ་དག་ནི་གྲྭ་ལོག་དང་གྲྭ་བ་རྣམ་དག་གི་ཁྱད་པར་མེད་པའི་འདུས་སྡེ་ཞིག་ཡིན་པས། ཚོགས་པ་དེས་ཡང་སྙིང་ཅི་ཞིག་འཚོལ་གྱིན་ཡོད་པ་བསམ་གཞིག་བྱེད་དགོས་པ་ཞིག་ཏུ་སྣང་། གྲྭ་ལོག་མང་བའི་དགོན་སྡེ་དེ་ནི་འདུལ་ཁྲིམས་དར་བའི་ཆོས་སྡེ་དངོས་མ་དེ་ཡིན་ཏེ། སྔོན་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ལའང་འདུལ་ཁྲིམས་དང་འགལ་བའི་དགེ་སློང་དང་དགེ་སློང་མ་དཔག་མེད་ཅིག་བྱུང་མྱོང་བ་དག་ལའང་། ལྟུང་བ་སྡེ་ལྔའི་ལྕི་ཡང་ལ་དཔག་ནས་ཆད་ལས་ཆེ་ཆུང་ཅི་རིགས་ཤིག་བཅད་མྱོང་། དེ་ནི་ཆེས་རྒྱུན་ལྡན་ཞིག་ཡིན་ཞིག་ཡིན་ལ། མ་ཟད་འདུལ་འཛིན་པ་སོ་སོའི་བསླབ་པར་སླད་སྐྱོན་མི་ཤོར་བའི་ཁེ་ཕན་ཡང་མང་པོ་ཞིག་མཆིས་སོ།།
གྲྭ་བའང་མི་ཡིན་པས་ཁོ་རང་འདུལ་ཁྲིམས་དང་འགལ་འཛོལ་བྱུང་བ། བཅས་ཁྲིམས་ལ་དགའ་ཞེན་ལོག་རྒྱུ་ཡོང་བ་ནི་དངོས་པོའི་ཆོས་ཉིད་ཅིག་རེད། དེར་བརྟེན། ཁོ་ཚོའི་ནག་ཉེས་དང་འདོད་མོས་ལ་བསྟུན་ནས་འདུལ་བའི་ཆད་པ་གཅོད་དགོས་པ་དེའང་དགོན་པ་དང་དགོན་བདག་གི་འགན་འཁྲི་ཞིག་ཏུ་གྱུར་ཡོད། དེང་གི་དགོན་སྡེ་དུ་མར་ཕམ་པས་གོས་པའི་གྲྭ་གཟུགས་མང་པོས་དགེ་འདུན་པའི་ལས་སྣེ་དང་འདུལ་བའི་བྱེད་སྒོ་མང་པོར་ཞུགས་པ་ནི་འདུལ་བའི་བསྟན་པ་ཉམས་པའི་སྔ་ལྟས་གསོན་པོ་དེའོ།།
༧ ཀུན་གཟིགས་པཎ་ཆེན་ཚང་གིས་གྲངས་ཀ་ལས་སྤུས་ཀ་གཙོ་ཞེས་གསུངས་པ་ལྟར་དགོན་སྡེའི་དོ་དམ་པ་དང་དགོན་དཔོན་རྣམ་པ་ཚོས། འདུལ་བའི་བསྟན་པ་མེད་ན་སངས་ཀྱི་བསྟན་པ་མེད་པའི་གནད་འགག་སེམས་ལ་ཉར་ནས། འདུལ་བའི་བཅས་ཁྲིམས་ལག་ལེན་གནད་དུ་ཁེལ་བ་ཞིག་གཏོང་རན་ལ་ཐོན་འདུག མ་ཟད། རང་ཉིད་ནས་འགོ་བརྩམས་ཏེ་ཕྱོགས་ཞེན་དང་མཁྲེགས་འཛིན་མེད་པར། འདུལ་བའི་བསྟན་པ་དག་ཐེར་གྱི་ཆེད་དུ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བའི་ཁྲིམས་འགལ་པ་དག་ཕྱིར་ཕུད་པ་དང་། རྣམ་དཔྱོད་དང་སྲུང་སེམས་ལྡན་པའི་སྐྱེ་བོ་མང་པོར་བསླབ་པ་སྦྱིན་པའི་ལས་ལ་འབད་པར་འཚལ། དེ་ནི་འདུལ་བའི་བསྟན་པ་ལ་བསྲེ་སླད་མི་ཤོར་བ་དང་སངས་ཀྱི་བསྟན་པ་རིང་དུ་གནས་པའི་ཐབས་ལམ་གྱི་གོ་རིམ་ཞིག་ཡིན་ནོ།།
ཡོང་ཁུངས་བོད་ནང་གི་འཕྲིན་སྟེགས།