ཡེ་ཞོ་ཝེན་གྱི་ངང་ཚུལ་ལ་དགག་རྒྱག

སྐུ་ཞབས་འཇམ་དཔལ་རྒྱ་མཚོ།

—-ཡེ་ཞོ་ཝེན་གྱི “བླ་མའི་ཡང་སྲིད ” ལའང་རྫུན་རྡེག་བྱེད་དགོས་ཞེས་པ་གླེང་བ།

རྩོམ་མཁན། འཇམ་དཔལ་རྒྱ་མཚོ།
བོད་འགྱུར། འབྲོག་མྱི།    


བླ་སྤྲུལ་ལ་རྫུན་རྡེག་བྱེད་དགོས་ན། ངེས་པར་དུ་ཡེ་ཞོ་ཝེན་གྱི་སྐྱོན་ཆར་སུན་འབྱིན་དང་དགག་རྒྱག་ནས་མགོ་རྩོམ་དགོས།

        སྤྱི་ལོ ༢༠༡༥ ཟླ ༡༢ ཚེས ༡༢ཉིན། ཡེ་ཞོ་ཝེན(叶小文)གྱིས་ཁ་བྱང་ལ ༼“བླ་མའི་ཡང་སྲིད”ལའང་རྫུན་རྡེག་བྱེད་དགོས༽ ཞེས་པའི་གླེང་མོལ་སྤེལ་རྗེས། རྒྱལ་ནང་གི་གསར་འགྱུར་སྨྱན་བྱད་ཁག་གིས་གནམ་ས་ཁེངས་པའི་བརྒྱུད་སྤེལ་བྱས་འདུག

       བློ་མཐུན་ཡེ་ཞོ་ཝེན་གྱིས་གླེང་མོལ་གྱིས་མགོ་བརྩམས་མ་ཐག“སེམས་གྱ་མ་གྱུ་ཡི་མི་དག་གིས་བླ་སྤྲུལ་གྱི་ཕྱི་ཚུལ་སྤྱད་ནས་ཧམ་ལེན་བྱེད་འདོད་ཀྱི་བློ་སྐྱེས་ཡོད་ལ། རྫུན་མས་ངོ་མར་རྫུ་འདོད་དང་། རྫུན་མས་ངོ་མ་དཀྲུག་འདོད་ཀྱང་ཡིན། ཉེ་ལམ་བྱུང་བའི་འཁྲབ་སྟོན་པ་ཀྲང་ཐེ་ལེན་གྱི༼ ཁྲི་འདོན༽ཟེར་བའི་དགོད་བྲོ་བའི་བྱ་སྤྱོད་དེས་འདས་པའི་ལོ་ཤས་སུ་བླ་སྤྲུལ་རྫུན་མ་སྐོར་ཞིག་གིས་མགོ་གཡོག་མགོ་སྐོར་གྱི་ཚུལ་མིན་ལོག་སྤྱོད་དམར་རྗེན་དུ་བཏོན་ཡོད”། ཅེས་བཟླས་འདུག

      
གནས་ཚུལ་ངོ་མ་མི་ཤེས་མཁན་ཚོས་ད་ཐེངས་ཡེ་ཅུའུ་ཀྲང༼སྒྲ་བསྒྱུར། འགན་འཛིན་དང་དོན་འདྲ། བསྒྱུན་མཁན་གྱི་མཆན༽གིས་དངོས་གནས“བླ་སྤྲུལ་རྫུན་མར”རྡུང་རྡེག་བྱེད་རྒྱུར་ རློམ་ནས་གཅིག་བགྱིས་ན་བསམ་ནོར་ཐེབས་ཡོད་རྒྱུ་རེད།

     
དོན་དངོས་སུ་བློ་མིག་ཅན་གྱི་སྐྱེས་བུའི་ཚོགས་ཀྱིས་ལྟ་ཐེངས་གཅིག་གིས་དེ་ནི་ཡེ་ཞོ་ཝེན་གྱིས་རྩམ་པ་རང་གིས་ཟས། རྩམ་ཁུག་མིའི་མགོར་བསྐོན་འདོད་ཀྱི་གཡོ་སྒྱུ་ཡིན་པ་ཤེས་ཐུབ།
 “འཁྲབ་སྟོན་པ་ཀྲང་ཐེ་ལེན”ཟེར་བ་ཞིག་མིག་གིས་རིག་སར་དེད་ནས་ཉེས་ཚབས་ལུག་གླུད་དང་། རང་ཉིད་ཤོར་ཐབས། རང་ཁག་གཞན་དཀྲི་བྱས་པའི་མ་ཚད། ཉེ་བའི་ལོ་ཤས་སུ་སྤྱི་ཚོགས་སུ་བླ་སྤྲུལ་རྫུན་མ་གང་བྱུང་མང་བྱུང་དུ་དར་བའི་ཚུལ་མིན་ལོག་སྤྱོད་དང་། བོད་བརྒྱུད་ནང་བསྟན་ལས་རིགས་སུ་ཁྲིམས་མེད་ལུགས་མེད་ཀྱི་སྒྲིག་འཆོལ་ཟང་ཟིང་རིགས་འགེབས་ཐབས་སྐུང་ཐབས་བྱས་ཡོད་ལ། དོན་རྐྱེན་ལས་བསྟུད་མར་གསལ་བོ་ཆགས་པ་ཞིག་ནི། མུ་མཐུད་ནས “རྫུན་མས་ངོ་མར་རྫུ་འདོད་དང་། རྫུན་མས་ངོ་མ་དཀྲུག་འདོད”དང་། སྟག་ལྤགས་གོན་པའི་བོང་བུ་བཞིན་མུ་མཐུད་ནས་མི་དམངས་ཀྱི་ལོ་ཏོག་ཟ་འདོད། ད་དུང་གཞན་རྣམ་ལ་མ་ཉེས་ཁག་གཡོགས་ཀྱིས་མུ་མཐུད་ནས་རྡུང་རྡེག་བྱེད་འདོད་ཀྱང་རེད།

       ལོ་མང་ཁྲོད། ཡེ་ཞོ་ཝེན་གྱིས་ཁྭ་ཏས་སྒྲོ་བསྟོད་དང་ངན་པའི་རང་བསྟོད་བྱས་ནས། “ཆོས་ལུགས་ལས་དོན་གྱི་ལས་གནས་སུ་ལོ ༡༨ ལྷག་གི་རིང་ཞབས་ཞུ་བསྒྲུབས” ལུགས་འུབ་ཤོད་བྱས་པ་བརྒྱུད། རང་ཉིད་ནི“ཆོས་ལུགས་གནད་དོན་ཆེད་མཁས་པ”ཞིག་ཡིན་པའི་རྫིག་ཉམས་བཏོན། དོན་དངོས་སུ། གནས་ཚུལ་ལ་རྒྱུས་མངའ་ཅན་དང་ལྷག་པར་དུ་ལོ་མང་རིང་འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས། ཆོས་ལུགས་ལུས་དོན་རིགས་སྒྲུབ་མྱོང་པའི་བློ་མཐུན་རྒན་རབས་པ་ཚོས།  ཡེ་ཞོ་ཝེན་གྱིས་ཆོས་ལུགས་ལས་དོན་གྱི་འགན་ཁུར་བའི་ལོ ༡༤འི་རིང་ནི། “རིག་གསར”གྱི་ཟིང་འཁྲུག་དུས་ཡུན་ཕུད་པའི་རང་རྒྱལ་གྱི་ནང་བསྟན་ཆོས་ལུགས་ལས་རིགས་སུ་ཆེས་རྙོག་འཛིང་མང་བ། ཆེས་གནད་དོན་མང་པ། ཆེས་ཟང་ཟིང་གི་སྒྲིག་འཆོལ་མང་བ།  དོན་རྐྱེན་སྣ་ཚོགས་བསྟུད་མར་བྱུང་བ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་བོད་བརྒྱུད་ནང་བསྟན། དེ་བཞིན་གྲྭ་བཙུན་དང་དད་ལྡན་མང་ཚོགས་བར་གྱི་འབྲེལ་བ་ཆེས་ཛ་དྲག ཆེས་མི་བཟང་པའི་དུས་ཡུན་ཡིན། ཞེས་སྐྱོན་བརྗོད་དྲག་པོ་བྱས་ཡོད།

       
བོད་ནི་ཕལ་ཆེར་དམངས་ཡོངས་ཆོས་ལ་དད་པའི་མི་རིགས་ཤིག་ཡིན་ཞེས་ལབ་ཀྱང་མ་འགྲིག་པ་མེད། ནང་ཆོས་རིག་གནས་ཀྱིས་བོད་ཀྱི་སྤྱི་ཚོགས་འཚོ་བའི་ངོས་སོ་སོར་ཤུགས་རྐྱེན་རྒྱ་ཆེ་ཞིང་གཏིང་ཟབ་མོ་ཐེབས་ཡོད་པས། མི་རིགས་ཀྱི་འབྲེལ་བ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་ལའང་ཤུགས་རྐྱེན་ཐེབས་ཀྱིན་ཡོད། བོད་རྒྱ་སྤུན་ཟླ་མི་རིགས་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ལ་གནོན་འཚེ་བཏང་པས། མི་རིགས་ཀྱི་འབྲེལ་བ་དང་། བོད་རྒྱའི་འབྲེལ་བ། གཞུང་ཞབས་པ་དང་མང་ཚོགས་ཀྱི་འབྲེལ་བ་ཆེས་ཛ་དྲག ཆེས་མི་བཟང་པའི་དུས་སྐབས་དེ་བྱུང་ཞིང་། རྒྱ་ནག་གསར་བ་དབུ་བརྙེས་པ་ནས་དེ་ལྟ་བུ་ཞིག་བྱུང་མྱོང་མེད།

       
ཡིན་ན་ཡང་། ཡེ་ཞོ་ཝེན་གྱིས་བསམ་ཞིབ་མི་བྱེད་པ་མ་ཟད། མ་མཐའི་རང་སྐྱོན་རང་བརྗོད་ཙམ་ཡང་མེད་པར། དེ་ལས་ལྡོག་སྟེ་ལེ་ཉིན་གྱིས་ཨང་གཉིས་པའི་རྒྱལ་སྤྱིའི་བཟོ་བཅོས་རིང་ལུགས་ལ་དགག་རྒྱག་སྐབས་བཏོན་པ་ནང་བཞིན། “ངོ་ཚ་ཞབས་འདྲེན་རིགས་ཁྱེར་ཡོང་ནས་འུབ་ཤོད” བྱེད་ཀྱིན་ཡོད།

     པདྨ་འོད་གསལ་དང་ཀྲང་ཐེ་ལེན་སོགས་ཀྱིས་འཁྲབ་པའི “ཁྲི་འདོན” ཟེར་བའི་དགོད་བྲོ་བའི་གནས་ཚུལ་དེ་ནི་ཕྱི་ཚུལ་གྱི་རྣམ་པ་ཙམ་རེད། གྲལ་དཀྱིལ་གྱི་ཨ་ཙ་ར་རེད། བླ་སྤྲུལ་རྫུན་མའི་སྲོལ་ངན་ཐོག་མར་བཏོད་མཁན་ནི་ཡེ་ཞོ་ཝེན་ཡིན། རྩ་བ་ཐུག་ས་དེའང་ཡེ་ཞོ་ཝེ་ཡིན་པས། ཡེ་ཞོ་ཝེན་གྱིས་བཏབས་པའི་དུག་གི་ས་བོན་ལས་དུག་གི་མྱུ་གུ་སྐྱེས་པ་རེད།

      ཕྱོགས་ཡོངས་ནས་ཡེ་ཞོ་ཝེན་གྱི་ལོ་འདི་ཤས་རིང་གི་སྐྱོན་ཆ་ར་སྤྲགས་དང་སྐྱོན་བརྗོད་བྱེད་དགོས་ན། འདི་ལྟ་བུའི་ཡི་གེ་འགས་འགྲུབ་ཐུབ་པ་ཞིག་ག་ལ་ཡིན། རྩོམ་ཡིག་འདིས་ཡེ་ཞོ་ཝེན་གྱི༼“བླ་མའི་ཡང་སྲིད”ལའང་རྫུན་རྡེག་བྱེད་དགོས༽ ཞེས་པའི་རྩོམ་ཡིག་དེའི་ནང་དོན་གལ་ཆེན་རིགས་བཀར་ནས་སུན་འབྱིན་དགག་རྒྱག་དང་ཆབས་ཅིག  ཉེ་བའི་ལོ་ཤས་སུ་སྤྱི་ཚོགས་སུ་བླ་སྤྲུལ་རྫུན་མ་གང་བྱུང་མང་བྱུང་དུ་དར་བའི་ཚུལ་མིན་ལོག་སྤྱོད་དང་། བོད་བརྒྱུད་ནང་བསྟན་ལས་རིགས་ཁྲོད་ཀྱི་ཁྲིམས་མེད་ལུགས་མེད་ཀྱི་སྒྲིག་འཆོལ་ཟང་ཟིང་རིགས་ཀྱི་རྩ་བ་ཐུག་ས་ཡེ་ཞོ་ཝེན་ཡིན་པ་དང་། ཡེ་ཞོ་ཝེན་ནི་ནག་ཉེས་ཅན་གཏེ་པོ་དེ་ཡིན་པས། ཡེ་ཞོ་ཝེན་གྱིས་འགན་ཆ་ཚང་འཁུར་དགོས་པའི་ཉེས་དམིགས་ཐེར་འདོན་བྱེད་རྒྱུ་ཡིན།


ཡེ་ཞོ་ཝེན་གྱིས་ཧམ་པ་ཆེན་པོས་བཀྲ་ཤིས་ལྷུན་པོའི་དགོན་པའི་དམངས་གཙོ་དོ་དམ་ལས་དོན་ཚོ་ཆུང་བཅོས་སྒྲིག་བྱས།  

            དང་པོ། ༡༩༥༥ ནས ༡༩༥༦ ལོར་སི་ཁྲོན་ནས་མགོ་བཙུགས་ཤིང་། ༡༩༥༧ ནས ༡༩༥༨ ལོར་ཀན་སུའུ་དང་མཚོ་སྔོན་སོགས་ཀྱི་བོད་ཁུལ་དུ་དར་སྤེལ་བྱས། ༡༩༥༩ ལོར་བོད་ལྗོགས་སུ་གཞི་རྒྱ་ཆེན་པོས་དམངས་གཙོ་བཅོས་བསྒྱུར་ལས་འགུལ་སྤེལ་བ་ རེད། དེ་ནི་གཏིང་ཟབ་པའི་སྤྱི་ཚོགས་བཅོས་བསྒྱུར་ཞིག་ཀྱང་ཡིན། འདས་པའི་ལོ་ཟླའི་ཁྲོད་བོད་ལྗོངས་དང་བོད་ཁུལ་གཞན་དག་གིས་གཅིག་མཚུངས་ཀྱིས་ ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལམ་ལུགས་ལག་ལེན་དུ་བསྟར་ཡོད་ལ། དེའི་སྟབས་ཀྱིས། དམངས་གཙོ་བཅོས་བསྒྱུར་དང་དུས་མཉམ་དུ་ཆོས་ལུགས་བཅོས་བསྒྱུར་གྱི་ལས་འགུལ་ཡང་ སྤེལ་བ་རེད། ཡང་ན། ཆོས་ལུགས་བཅོས་བསྒྱུར་དེ་དམངས་གཙོ་བཅོས་བསྒྱུར་གྱི་ནང་དོན་གཙོ་བོ་དེ་ཡིན།

         ཆོས་ལུགས་བཅོས་བསྒྱུར་གྱི་རྩ་བའི་རྩ་དོན་ནི། ཆོས་དང་སྲིད་གཉིས་ཁ་ཁ་བྱ་རྒྱུ་དེ་ཡིན་མོད། ཡེ་ཞོ་ཝེན་ཁྱེད་རང་ཕྱིན་ཅི་ལོག་ནས  “ཏང་གི་འགོ་ཁྲིད་ལ་ཤེད་རྒྱག་པ” དང “དོ་དམ་ལ་ ཤེད་རྒྱག་པ” ཞེས་པའི་མིང་གཡར་ནས། ཆོས་ལུགས་སྡེ་ཚན་གྱིས་ཆོས་ལུགས་ཀྱི་ལས་དོན་ཡོད་དོ་ཅོག་ལ་དོ་དམ་བྱེད་ཀྱིན་ཡོད་པས། དོན་དངོས་སུ་ཁྱེད་ཀྱིས “ཆོས་སྲིད་ཟུང་འབྲེལ” ལག་བསྟར་བྱེད་ཀྱིན་ཡོད།

          གཉིས་པ། ལོ་རབས ༥༠འི་དཀྱིལ་དང་མཇུག་ཏུ་དམངས་གཙོ་བཅོས་བསྒྱུར་དང་ཆོས་ལུགས་བཅོས་བསྒྱུར་ཐད་རྟིང་ཐག་ཆོད་པའི་རྒྱལ་ཁ་བླངས་ཡོད། དགོན་པ་ནང་ཁུལ་གྱི་བཀས་བཀོད་རྒྱུན་འཛིན་གྱི་དམིགས་བསལ་དབང་ཚད་དང་བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་གི་རྨང་གཞི་རྩ་སློག་བྱས་ཏེ། རྩ་འཛུགས་ཡོད་པ། འགོ་ཁྲོད་ཡོད་པའི་ངང་དམངས་གཙོའི་འོས་བསྡུ་བརྒྱུད་ནས། འབྱོར་མེད་གྲལ་རིམ་གྱི་བླ་སྤྲུལ་གཙོ་བོ་ཡིན་པའི་དགོན་པའི་དམངས་གཙོའི་དོ་དམ་ཁང་གསར་དུ་བཙུགས།
ཆབ་སྲིད་ཐད་ནས་ཁོང་ཚོར་བཏོན་པའི་རེ་བ་ནི། རྒྱལ་གཅེས་ཆོས་གཅེས། སྤྱི་ཚོགས་རིང་ལུགས་ལ་གཅེས་པ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ། དམངས་གཙོ་བཅོས་བསྒྱུར་ལ་རྒྱབ་སྐྱོར། ཁ་བྲལ་ལ་ངོ་རྒོལ། ཟིང་འཁྲུལ་ལ་ངོ་རྒོལ་བཅས་ཡིན།

          ཆོས་ལུགས་ཐད་ནས་བཏོན་པའི་རེ་བ་ནི། ཆོས་ཀྱི་སྙིང་པོ་དང་ཆོས་ལུགས་ཀྱི་འདུལ་ཁྲིམས་རྩི་བ། ཆོས་ལུགས་ཀྱི་བློ་སྦྱོང་དང་བྱང་ཚད་ཅུང་ཞིག་ཡོད་དགོས་པ་དང་མཉམ་དུ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་ཀར་འཚམ་པའི་ལམ་ཁ་ཞིག་འཚོལ་སྙེག་བྱ་རྒྱུ་དང་། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་རྣམས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཁར་འདྲེན་རྒྱུ་བཅས་ཡིན། ནད་པ་དང་། རྒན་རྒོན། དབང་པོ་སྐྱོན་ཅན་ལས་གཞན་གྲྭ་བཙུན་ཚང་མ་ངལ་རྩོལ་ལ་ཞུགས་དགོས་པ་དང་། བཤུ་གཞོག་འདོར་རྒྱུ། རང་ཁ་རང་གསོ་ཡི་ངལ་རྩོལ་བ་ཞིག་བྱེད་རྒྱུར་སྐུལ་འདེད་བྱས་ཡོད།

           
DL(ཏཱ་ལའི་བླ་མ་མཆོག—-བསྒྱུར་མཁན་གྱི་མཆན།) ཕྱི་རྒྱལ་དུ་སྐྱབས་བཅོལ་ཆེད་ཕེབས་པར་གཞིགས་ནས། ལྷ་སའི་གདན་ས་གསུམ་ཚང་མ་ཟིང་འཁྲུག་ནང་ཞུགས་པའི་དགོན་པ་རུ་ངོ་བོ་ངོས་འཛིན་བྱས་ཤིང (དེ་དུས་དེ་ལྟར་ངོ་བོ་ངོས་འཛིན་བྱས་པ་རེད)། པན་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་གྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཡོད་པ་དང་། ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོ་མཆོག་གི་དགོན་པ་གཙང་བཀྲ་ཤིས་ལྷུན་པོ་ཟིང་འཁྲུག་ནང་ཞུགས་མེད་པ་དང་། གཞིས་ཀ་རྩེ་ས་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་ཡིན་པའི་གནས་སྟངས་ལ་གཞིགས་ནས། དབུས་གཞུང་གིས་ཐོག་མར་གཙང་བཀྲ་ཤིས་ལྷུན་པོ་དགོན་པ་ནས་དམངས་གཙོ་བཅོས་བསྒྱུར་སྤེལ་རྒྱུ་དང་། དམངས་གཙོ་དོ་དམ་ཁང་བཙུགས་ནས་ཚོད་ལྟ་བྱེད་དགོས་པ་དང་། དེ་ནས་རིམ་བཞིན་བོད་ལྗོངས་དང་བོད་ཁུལ་གཞན་དག་ཡོངས་སུ་ཁྱབ་གདལ་དུ་གཏོང་རྒྱུ་ ཐག་གཅོད་གནང་།


          ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོས་དངོས་སུ་བཀྲ་ཤིས་ལྷུན་པོ་དགོན་པའི་དམངས་གཙོའི་བཅོས་བསྒྱུར་ལས་དོན་ལ་འགན་འཁུར་དགོས་ཞེས་དབུས་གཞུང་གིས་འགན་དབང་དཀྲིས་ཤིང་། དབུས་གཞུང་དུ་མའོ་ཙེ་ཏུང་དང་། བློ་མཐུན་ཧྲོ་ཆི(刘少奇)། ཀྲུག་ཨིན་ལེ(周恩来) ཡིས་ལམ་ལུགས་དང་སྲིད་ཇུས་གཏན་འབེབ་དང་ཐག་གཅོད། ལེ་ཝེ་ཧན(李维汉)དང་། བའོ་ལན་ཧྥི(乌兰福)། ཞི་ཀྲུང་ཞུང(习仲勋)གིས་དངོས་སུ་འགོ་ཁྲིད་རྒྱུར་འགན་འཁུར་ཡོད། བློ་མཐུན་ཞི་ཀྲུང་ཞུང་རྒྱལ་སྲིད་སྤྱི་ཁྱབ་ལྷན་ཁང་གི་སྲིད་བློན་གཞོན་པ་དང་ དྲུང་ཡིག་གཅིག་ལྕོགས་ཡིན་པའི་ཆ་ནས། སྲིད་བློན་ཀྲུག་ཨིན་ལེ་ཡིས་འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས། ཆོས་ལུགས་ཐད་ཀྱི་ཕྱག་རོགས་གཙོ་བོ་དེ་ཡིན། སྐབས་དེ་དུས། སྐུ་དངོས་སུ་ཀུན་གཟིགས་པན་ཆེན་བཅུ་བ་ཆེན་མོར་ལམ་སྟོན་གནང་ཞིང་། གྲུབ་འབྲས་ཀྱང་རླབས་པོ་ཆེ་ཐོན། དེ་དང་དུས་མཉམ་དུ་ཁོང་ཚོའི་བར་དུའང་མཛའ་བརྩེ་ཟབ་མོ་ཆགས་ཡོད། ཆོས་ལུགས་ཀྱི་ཐད་ནས། སྐབས་དེ་དུས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ཤེས་རབ་རྒྱ་མཚོ་ལགས་དང་ཚོགས་གཞོན་དང་དྲུང་ཡིག་གཅིག་ལྕོགས་ཀྲོ་ཕུ་ཁྲོའུ(赵朴初)ཡིས་རོགས་འདེགས་དང་མཛུབ་སྟོན་གནང་གིན་ཡོད།

         
ལས་དོན་འདི་ཅུང་བདེ་བླག་ངང་སྒྲུབ་ཐུབ་ཡོད། ཀུན་གཟིགས་པན་ཆེན་བཅུ་བ་ཆེན་མོ་མཆོག་གཙང་བཀྲ་ཤིས་ལྷུན་པོ་དགོན་པའི་དམངས་གཙོ་དོ་དམ་ཁང་གི་འགན་འཛིན་དུ་བདམས། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ཏུ། འོག་ནས་གོང་དུ་སྤེལ་པའི་འོས་བསྡུ་བརྒྱུད། འབྱོར་མེད་གྲལ་རིམ་གྱི་བླ་སྤྲུལ་རྣམ་པ་གཙོ་བོར་གྱུར་བའི་དོ་དམ་ཁང་གསར་འཛུགས་གནང་ནས་དགོན་པ་དོ་དམ་བདག་གཉེར་བྱས་པ་རེད། དེ་འདྲའི་དོ་དམ་བྱེད་སྟངས་དེ་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་སྟེང་རྩ་བ་ཉིད་ནས་བྱུང་མ་མྱོང་བ་ཞིག་རེད། དེ་ནི་གསར་བརྗེ་ཞིག་ཡིན་ལ། གསར་གཏོད་ཅིག་ཀྱང་ཡིན། དེའི་སྟབས་ཀྱིས། མའོ་ཙེ་ཏུང་དང་། ལིའུ་ཧྲོ་ཆེ། ཀྲུག་ཨིན་ལེ་བཅས་ཀྱི་བསྔགས་བརྗོད་གནང་ཡོད་པ་རེད།

          ང་རང་འབྲེལ་ཡོད་ཡིག་ཆའི་ཡིག་བསྒྱུར་ལས་དོན་ནང་ཞུགས་པ་ཡིན། སྐབས་དེའི་གནས་ཚུལ་ལ་རྒྱུས་མངའ་ཅུང་ཞིག་ཡོད། ༡༩༦༢ ལོ་ནས ༡༩༦༤ལོར། སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་རྗེས། ལེ་ཝེ་ཧན་དང་། བའོ་ལན་ཧྥི། ཞི་ཀྲུང་ཞུང་གསུམ་ལ་ནོར་འཁྲུལ་ཅན་གྱི་སྐྱོན་ཆ་ཕོག་ནས་ཏང་ནང་གི་གོ་གནས་ཡོད་ཚད་ལས་གནས་དབྱུང་བཏང་། དགེ་བཤེས་ཤེས་རབ་རྒྱ་མཚོ་དང་ཀུན་གཟིགས་པན་ཆེན་བཅུ་བ་ཆེན་མོ་མཆོག་རྣམ་པ་གཉིས་ལ “ཏང་ལ་ངོ་རྒོལ་དང་རྒྱལ་ཁབ་ལ་ངོ་ལོག་གི ‘པན་ཤེས་ཤོག་ཁག’ ཅེས་ཉེས་མིང་བཏགས་ནས་དྲག་རྡུང་བྱས། ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་ལོ་བཅུ་ཙམ་ལ་བཙོན་འོག་ཏུ་བཞུགས་དགོས་ཐུག་པ་དང་། དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་དེའི་རྐྱེན་གྱིས་གནོན་འཚེ་འོག་སྐུ་གཤེགས།
 “རིག་གསར” གྱི་སྐབས་སུ། “རྙིང་པ་བཞི་གཏོར་བ” ཞེས་པའི་ལས་འགུལ་ཁྲོད། དགོན་པའི་ལས་དོན་ལ་གནོན་སྐྱོན་ཚབས་ཆེན་ཕོག་ཡོད། “རིག་གསར” རྫོགས་རྗེས། ཟང་ཟིང་བཅོས་སེལ་དང་ཡོ་བསྲང་། གཞི་ནས་སྒྱུར་བ་དང་རྩ་བ་ནས་སྒྱུར་བའི་སྲིད་ཇུས་འོག དགོན་སྡེ་ཁག་ལ་དག་ཐེར་ལེགས་སྒྲིག་བྱེད་མགོ་བརྩམས་པ་རེད། ཕལ་ཆེར་ལོ་རབས ༥༠འི་ནང་གི་སྔར་ཡོད་མི་སྣ་ཆ་ཚང་སོར་འཇོག་བྱས་ཡོད་མོད། མཁས་བཙུན་བཟང་གསུམ་ལྡན་པའི་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་སྐུ་གཤེགས་ཟིན་པ་རེད། དབུས་གཞུང་གིས་ཡང་བསྐྱར་ཀུན་གཟིགས་པན་ཆེན་བཅུ་བ་ཆེན་མོ་མཆོག་གིས་དབུ་ཁྲིད་ནས་ལས་དོན་སྤེལ་དགོས་པ་ཐག་གཅོད་གཏན་འབེབས་བྱས། དབུས་གཞུང་དུ། སྐུ་ཞབས་ཞི་ཀྲུང་ཞུང་ལགས་དབུས་ཆབ་སྲིད་ཁང་གི་འཐུས་མི་དང་། ཧྲུའུ་ཅུ་ཁྲུའུ་ཡི་དྲུང་ཆེ་རུ་བསྐོས་ནས།  བོད་ཀྱི་ལས་དོན་གཙོ་བོར་གཉེར། སྐུ་ཞབས་ལེ་ཝེ་ཧན་ལགས་དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློ་འདོན་པ་དང་། སྐུ་ཞབས་བའོ་ལན་ཧྥི་ལགས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན། སྐུ་ཞབས་ཡཱང་ཅིང་རིན(杨静仁)འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་གཞོན་པ་དང་མི་རིགས་ལྷན་ཁང་གི་འགན་འཛིན། དེ་མིན་ད་དུང་སྐུ་ཞབས་ཀྲོ་ཕུ་ཁྲོའུ་ཡིས་དབུ་ཁྲིད་པའི་ལྷན་ཁང་ཞིག་ཀྱང་བཙུགས་པ་དང་། སྔར་སྲོལ་གཞིར་བཞག་གིས་དེ་དག་ཚང་མ་ཀུན་གཟིགས་པན་ཆེན་བཅུ་བ་ཆེན་མོ་མཆོག་གིས་དབུ་ཁྲིད་དང་རྒྱབ་སྐྱོར་གནང་བ་རེད།


         “རིག་གསར” གྱི་རྗེས་སུ། ལོ་རབས་བརྒྱད་ཅུ་བའི་ནང་གི་དགོན་པ་དག་ཐེར་ལས་དོན་ཁྲོད། གོང་ཞུས་གཞི་རྩའི་དགོས་འདུན་དག་ལས་གཞན། དམངས་གཙོ་དོ་དམ་ཁང་གི་མི་སྣས “རིག་གསར” སྐབས་གཏོར་བཅོམ་འཕྲོག་གསུམ་གྱི་རིགས་སྤེལ་མེད་སྟབས། “མི་རིགས་གསུམ” མིན་ལ། དེ་མིན་དགོན་པར་གཏོར་བརླག་དང་། སྐུ་རྟེན་སོགས་གནའ་རྫས་རིགས་རྐུ་ཁྱེར་དང་བར་ཚོང་གི “རྙིང་པ་བཞི་གཏོར་བ” ཞེས་པའི་ལས་འགུལ་ནང་ཞུགས་མེད། 
རེ་བ་སྔར་ལས་མཐོ་དགོས། སྤུས་ཀ་སྔར་ལས་བཟང་དགོས་ཞེས་པའི་ཁ་གཡར་འོག སྐུ་ཞབས་ལེ་ཝེ་ཧན་དང་། བའོ་ལན་ཧྥི། ཞི་ཀྲུང་ཞུང་། ཡཱང་ཅིང་རིན། ཀྲོ་ཕུ་ཁྲོའུ་ཡི་དབུ་ཁྲོད་འོག ཀུན་གཟིགས་པན་ཆེན་བཅུ་བ་ཆེན་མོ་མཆོག་ཡང་བསྐྱར་དམངས་གཙོ་དོ་དམ་ཁང་གི་དབུ་ཁྲིད་དུ་བསྐོས།

       དེ་ནས་ཅུང་མ་འགོར་བར། སྐུ་ཞབས་ལེ་ཝེ་ཧན་དང་བའོ་ལན་ཧྥི་གཉིས་སྐུ་གཤེགས་པ་རེད། ༡༩༨༩ ལོའི་ཟླ ༡པོར། ཀུན་གཟིགས་པན་ཆེན་བཅུ་བ་ཆེན་མོ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས། “དྲུག་བཞིའི”རྗེས་སུ། སྐུ་ཞབས་ཞི་ཀྲུང་ཞུང་དང་། ཡཱང་ཅིང་རིན། ཡཱན་མེན་ཧྥི(阎明复)རྣམ་པ་གསུམ་ལས་གནས་ནས་རྒན་ཡོལ་ཞུས། སྐུ་ཞབས་ཏེན་བཀན་ཀིན(丁关根)དང་ཝང་ཀྲོ་གོའུ(王兆国)གཉིས་ཀྱིས་སྔ་རྗེས་སུ་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་གྱི་འགན་བཞེས་ཞིང་། ཡེ་ཞོ་ཝེན་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་དུ་བསྐོ་བཞག་དུས་སུ། ཅུའུ་གཉིས་པ་སྟེ་མི་རིགས་ཆོས་ལུགས་ལས་ཁང་གི་འགན་འཛིན་དུ་བཞག་པ་རེད། རྗེས་ནས་རྒྱལ་ཁབ་ཆོས་ལུགས་ལས་ཁང་གི་འགན་འཛིན་དུ་བསྐོས་པ་རེད། ཁྱོན་བསྡོམས་ན་ལོ ༡༨ ཙམ་ཡིན།

        “དྲུག་བཞིའི”རྗེས་སུ། ཁོང་ཚོས“དག་ཐེར”གྱི་དར་ཆ་འཕྱར་ནས། སྐུ་ཞབས་ལེ་ཝེ་ཧན་དང་། བའོ་ལན་ཧྥི། ཞི་ཀྲུང་ཞུང་། ཡཱང་ཅིང་རིན། ཡཱན་མེན་ཧྥི། ཀུན་གཟིགས་པན་ཆེན་མཆོག ཀྲོ་ཕུ་ཁྲོའུ་བཅོས་ཀྱི་ལས་དོན་སྤེལ་ཕྱོགས་རྩིས་མེད་རྣམ་པར་བཅད་ནས།  བཀྲ་ཤིས་ལྷུན་པོ་དགོན་པའི་དམངས་གཙོ་ལས་དོན་ཁང་ཟེར་བའི་ལས་དོན་ཁང་གསར་བ་ཞིག་གསར་འཛུགས་བྱས་ཏེ་ལས་བྱེད་མི་སྣའང་གསར་དུ་བདམས། དམངས་གཙོ་བཅོས་བསྒྱུར་དང “རིག་གནས་གསར་བརྗེ་ཆེན་མོ” སྟེ་ཆབ་སྲིད་ལས་འགུལ་ཆེ་གྲས་དེ་གཉིས་ཁྲོད་ཉམས་མྱོང་མང་པོ་བསགས་པའི་ཕུལ་བྱུང་ལས་ཀྱི་སྣེ་མོ་བ་དང་། སྤྱོད་གྲགས་གཉིས་ལྡན་གྱི་བླ་མ་སྐྱེས་ཆེན་ཡོད་དོ་ཅོག༼ཐུགས་སྣང་གནང་རོགས། ངས་བཤད་པ་ནི “ཡོད་དོ་ཅོག”ཡིན༽ རྩ་སློག་བྱས་ཏེ། ཁོང་ཚོ་རང་གི་ཁར་ཉན་མཁན་དང་། ཁོང་ཚོའི་རྗེས་སུ་འབྲང་མཁན་སྐོར་ཞིག་བདམས་ནས་དོ་དམ་ལས་ཁང་གསར་བ་ཞིག་རྩ་འཛུགས་བྱས་འདུག མི་སྣ་དེ་དག་ནི་མི་མང་གི་ཡིད་ཆེས་བློ་མོས་བྱེད་ས་མིན་པར། “ཁར་ཉན་པ”ཁོ་ན་ཙམ་ཡིན་ཞིང་། དོན་དངོས་སུ་དགོན་པར་ཆེད་དུ་མངག་པའི་ཏང་གི་མཐོ་རིམ་དང་། འབྲིང་རིམ་ལས་བྱེད་འགོ་ཁྲིད་གཙོ་བོར་གྱུར་བའི་ལས་དོན་རུ་ཁག་གིས་ཡོད་ཚད་ལ་འགོ་ཁྲིད་དང། ཡོད་ཚད་ལ་ཐག་གཅོད། ཡོད་ཚད་གཅིག་གཅོད་བྱེད་རྒྱུ་དེ་རེད།

         ལས་དོན་བྱེད་ཕྱོགས་དེར་རྒྱ་ཆེ་བའི་གྲྭ་བཙུན་གྱི་ཚོགས་དང་ལས་བྱེད་པ། མང་ཚོགས་གྱི་མ་མོས་པ་དང་ངོ་རྒོལ་གྱི་རྣམ་འགྱུར་དྲག་པོ་བསྟན་པ་དང་། དེ་བཞིན་དུ་དེ་ཡིས་ཆོས་ལུགས་ནང་ཁུལ་དང་ལས་བྱེད་པ། མང་ཚོགས་བར་གྱི་མཐུན་སྒྲིལ་ལ་གཏོར་བཤིག་ཆེན་པོ་བྱས་རྐྱེན། ཟང་ཟིང་གི་གནས་སྟངས་དེ་བྱུང་བ་རེད། དེ་ཙ་ན། གོམ་གང་མདུན་སྤོས་ཀྱིས “དོ་དམ་ནན་མོ” ཟེར་བ་སྤེལ། དེ་དོན་དངོས་སུ་དམ་དྲག་རང་རེད། བཙན་དབང་གིས་ཁོང་ཚོའི་ནོར་འཁྲུལ་ཅན་གྱི་ལས་དོན་སྤེལ་ཕྱོགས་དེ་བོད་ཁུལ་ཡོངས་སུ་སྤེལ་བ་རེད།

       ཡེ་ཞོ་ཝེན་ཚོའི་ལས་དོན་སྤེལ་ཕྱོགས་དེར། རྒྱལ་ཡོངས་དམངས་ཆེན་གྱི་ཚོགས་གཞོན་ང་ཕོད་ལགས་དང་། བོད་རིགས་དམར་དམག་རྒན་རབས་པ་ཐེན་བྷོ(天宝། བཀྲ་ཤིས་དབང་ཕྱུག་སོགས་བོད་རིགས་འགོ་ཁྲིད་བློ་མཐུན་རྣམ་པས་སྐྱོན་བརྗོད་དང་ངོ་རྒོལ་བྱས་ཡོད། ཡིན་ན་ཡང་། ཁོང་ཚོས་དེར་ཁ་ཡ་གཏན་ནས་བྱས་མེད། ཐེན་བྷོ་ལགས་ནི་བོད་རིགས་དམར་དམག་རྒན་རབས་པ་ཞིག་ཡིན་ལ། བཅིངས་འགྲོལ་གྱི་ཐོག་མའི་དུས་སུ། དབུས་བོད་ལྗོངས་ལས་དོན་རུ་ཁག་གི་འགོ་ཁྲིད་གནང་མྱོང་ལ། ཁོང་ནི་སྐབས་དང་པོའི་ཀྲུང་གུང་བོད་ལྗོངས་ལས་དོན་ལྷན་ཁང་གི་རྒྱུན་ལས་ཁྲོད་ཀྱི་བོད་རིགས་གཅིག་པུ་དེ་ཡིན། རྗེས་སུ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་དང་། རང་སྐྱོང་ལྗོངས་ཀྱི་གཙོ་འཛིན། བོད་ལྗོངས་དམག་ཁུལ་གྱི་ཆབ་སྲིད་རྒྱུན་ལས་གཞོན་པ་སོགས་ཀྱི་གོ་གནས་ཁུར་བ་དང་། ད་དུང་བོད་རིགས་ས་ཁུལ་གྱི་དམངས་གཙོ་བཅོས་བསྒྱུར་དང་ཆོས་ལུགས་བཅོས་བསྒྱུར་གྱི་ལས་དོན་ལ་ནང་ཞུགས་དང་འགོ་ཁྲོད་སོགས་ཀྱང་གནང་མྱོང་ཡོད། དེ་འདྲ་སོང་ཙང་། འབྲེལ་ཡོད་གནས་ཚུལ་ལ་རྒྱུས་མངའ་ཡོད་མེད་སྨོས་མི་དགོས། ཁོང་གིས་དེ་སྔ“ལས་དོན་སྤེལ་ཕྱོགས་དེ་ནི། ཆོས་སྲིད་ཟུང་འབྲེལ་རེད”ཅེས་སྐྱོན་བརྗོད་དྲག་པོ་བྱས་ཡོད།

       ཐེན་བྷོ་ལྟ་བུའི་དམར་དམག་རྒན་རབས་པ། གསར་བརྗེ་བ་རྒན་རབས་པ་ཡིས་ཀྱང་ལྟ་བའི་མིག་གིས་མ་བཟོད་པར་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་ལས། ཡེ་ཞོ་ཝེན་ཚོའི་སྨྱོ་ཧམ་ཁེངས་དྲེགས་ཀྱི་བྱ་སྤྱོད་དེ་ཅི་འདྲའི་སྐྱི་གཡའ་དགོས་པ་ཞིག་ཡིན་པ་མཚོན་ཐུབ། ཐེན་བྷོ་ཡིས་དེ་སྔ་ང་ལ “ཁོང་ཚོས་ང་ཚོ་ཏང་ནང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་སྤེལ་ཡུལ་དུ་བརྩིས་འདུག” ཅེས་ཞལ་དངོས་སུ་བཤད་མྱོང་།

       ཡེ་ཞོ་ཝེན་གྱིས་ཁྭ་ཏས་སྒྲོ་བསྟོད་དང་ངན་པའི་རང་བསྟོད་བྱས་ནས། “དབུས་གཞུང་གི་འབྲེལ་ཡོད་བོད་ཀྱི་ལས་དོན་ཐད་ཀྱི་སྲིད་ཇུས་བྱེད་ཕྱོགས་རིགས། ང་དང་ཝེ་ཆོན(朱维群། སྲི་ཐར། ང་ཚོ་གསུམ་པོས་གཏན་འབེབས་བྱེད་ཀྱིན་ཡོད་ལ། དབུས་གཞུང་གི་ངོས་ལེན་དང་རྒྱབ་སྐྱོར་ཐོབ་ཡོད”ཟེར།

        ཡེ་ཞོ་ཝེན་འགོ་ཁྲིད་ཆུང་ཆུང་ཞིག་གིས། བློ་ཧམ་ཚ་བོས། སྡིག་པ་མིག་བཙུམ་གྱིས་ཁ་ཚོན་དེ་ལྟར་གཅོད་ནུས་པ་དང་། དེ་ལྟར་སྒྲུབ་ནུས་པ་དེ་ལ་གཏིང་ཟབ་པའི་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཡོད། “དྲུག་བཞིའི” རྗེས་སུ་བྱུང་བའི་དབུས་འགོ་ཁྲིད་གྱི་འགྱུར་ལྡོག་དང་འབྲེལ་བ་དམ་ཟབ་ཡོད། བོད་ལྗོངས་ཀྱི་རྩ་བ་སར་ཟུག་ཅིང་རྩེ་མོ་དགུང་ལ་མཉམ་པའི “ལྷོ་ནུབ་ཕྱོགས་ཁག(西南 局)” དང “ནུབ་བྱང་ཕྱོགས་ཁག(西北局)”བར་གྱི་འཐབ་རྩོད་དང་ཡང་འབྲེལ་བ་དམ་པོ་ཡོད། “དྲུག་བཞིའི” རྗེས་སུ། དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་ནང་ཁུལ་དང་། བོད་ལྗོངས་སུ “ནུབ་བྱང་ཕྱོགས་ཁག” ཟེར་བ་མགོ་རྟིང་སློག་ནས། “ལྷོ་ནུབ་ཕྱོགས་ཁག” གིས་བོད་དང་འབྲེལ་བའི་ལས་དོན་སྐོར་གྱི་དབང་ཆ་ཡོད་ཚད་སྒེར་གཅོད་བྱས།  ཡེ་ཞོ་ཝེན་ཚོས་སྐབས་དེའི་དབུས་འགོ་ཁྲིད་སྒྲིག་གཞི་དང་། ཆབ་སྲིད་གནས་བབ། ཆབ་སྲིད་གནས་སྟངས་བཅས་ལ་རང་ཉིད་ཀྱི་ཚོད་དཔག་དང་ཐག་གཅོད་བྱས་འདུག དེའི་སྟབས་ཀྱིས། ཁོང་ཚོས་ཧ་ཅང་ཉེན་ཁ་ཚ་བོས་ཆབ་སྲིད་སྐབས་འཚོལ་དང་ཆབ་སྲིད་རྒྱན་སྐུག་བྱེད་ཀྱིན་ཡོད། རྒྱུན་ལྡན་གྱི་གནས་སྟངས་འོག ངག་རྒྱུན་ཁ་དཔེ་ཞིག་བཀོལ་ན། ཡེ་ཞོ་ཝེན་ལ་འབྲོང་སྙིང་གསོན་པོ་ཞིག་བྱིན་ཡང་། མི་དེར་དེ་འདྲ་ཞིག་བྱེད་རྒྱུའི་བློ་ཁོག་རྩ་བ་ཉིད་ནས་ཡོད་མི་སྲིད། འོན་ཀྱང་། “དྲུག་བཞིའི” རྗེས་ཀྱི་དེ་ལྟ་བུའི་ཆབ་སྲིད་ཀྱི་གནས་བབ་ཅིག་གི་འོག་ཏུ།  ཡེ་ཞོ་ཝེན་གྱིས་དུས་ཚོད་ལ་དཔགས་ནས། གནས་བབ་ལ་བསྟུན་ནས། དགེ་སྐྱོན་ལ་བསམ་གཞིགས་བྱས་ནས། ཐོབ་ཤོར་ལ་ཚོད་དཔག་གིས་རྒྱན་སྐུག་ཐེངས་ཤིག་བྱེད་རིན་ཡོད་པའི་ཁེ་བཟང་མཐོང་ བའི་འདོད་ཧམ་གྱི་དབང་གིས ། ཆབ་སྲིད་སྐབས་འཚོལ་དང་ཆབ་སྲིད་རྒྱན་སྐུག་གི་ལས་ལ་ཞུགས་པ་རེད། འདི་དག་ལས་མངོན་པར་གསལ་བ་ཞིག་ནི། ཡེ་ཞོ་ཝེན་ནི་ཆབ་སྲིད་སྐབས་འཚོལ་བ་ཞིག་དང་། ཆབ་སྲིད་རྒྱན་སྐུག་པ་ཞིག་རེད། ཡེ་ཞོ་ཝེན་གྱིས་ཐེངས་མང་པོར “ཅི་ཞིག་བྱུང་ན་ཅི་ཞིག་བྱུང་། ཡོད་ཚད་བློས་བཏང་ནས” ཞེས་འུད་ཆེའི་ཁ་ཤོབ་བཟླས་ཡོད་པ་རེད། འདི་ནི་གུང་ཁྲན་ཏང་མིའི་སྐད་ཡིག་ཡིན་མི་སྲིད། བདག་གིས་དེ་སྔ་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་དང་། མི་རིགས་ལས་དོན་ཁང་སོགས་སུ་ཞབས་ཞུ་སྒྲུབ་མྱོང་ཡོད་ལ། ལེ་ཝེ་ཧན་དང་། བའོ་ལན་ཧྥི། ཞི་ཀྲུང་ཞུང་། ལིའུ་གི་ཕེང(刘格平)སོགས་འགོ་ཁྲིད་ཚོས་འདི་འདྲའི་སྐད་ཆ་ཞིག་བཤད་པ་ཁྱོན་ནས་གོ་ མྱོང་མེད། “ཅི་ཞིག་བྱུང་ན་ཅི་ཞིག་བྱུང་། ཡོད་ཚད་བློས་བཏང་ནས” ཞེས་པ་འདི་ཤོ་རྒྱག་རྒྱན་སྐུག་བྱེད་སའི་སྐད་ཆ་རེད། སྦག་པ་རྒྱན་པོའི་སྐད་ཆ་རེད། སྦག་པའི་སེམས་ཁམས་ཀྱི་མཚོན་བྱེད་རེད།

         དོན་དངོས་སུ། ཁོང་ཚོས་རྩིས་མེད་རྣམ་པར་བཅད་པ་ནི་ལེ་ཝེ་ཧན་དང་། བའོ་ལན་ཧྥི། ཞི་ཀྲུང་ཞུང་། ཀུན་གཟིགས་པན་ཆེན་བཅུ་བ་ཆེན་མོ་མཆོག་ཙམ་མིན་པར། ཁོང་ཚོས་མངོན་གསལ་དོད་པོས“མི་རབས་གཉིས་པའི་མི་རིགས་སྲིད་ཇུས”ཞེས་འུད་ཤོབ་ བསྒྲགས་ནས། རྒྱལ་ཁབ་དབུ་བརྙེས་པའི་ཐོག་མའི་དུས་ཀྱི་དབུས་གཞུང་དང་། མའོ་ཙེ་ཏུང་། ཀྲུག་ཨིན་ལེ་ཡིས་གཏན་འབེབས་གནང་བའི་ཡང་དག་པའི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་མཐའ་དག་རྩིས་མེད་རྣམ་གཅོད་བྱེད་འདོད་རེད། ཀྲུའུ་ཝེ་ཡོན་གྱིས་ལོ་རབས ༥༠འི་ནང་གི་མི་རིགས་སྲིད་ཇུས“དུས་ལས་ཡོལ་ཚར་བ་རེད”ཅེས་པའི་ཁ་ཚོན་བཅད་ནས་ སྒྲོབ་བཤད་དང་སྦྲེགས།

         “***བོད་སྐྱོང་ལམ་ཐིག” ཞེས་འུད་སྒྲོག་བྱས་ཡོད། ཡེ་ཞོ་ཝེན་གྱི་མགོ་བོ་སྦོས། ཧམ་སེམས་སྦོས་ནས “བོད་ལྗོངས་ལས་དོན་གྱི་གནས་སྟངས་གསར་བ” ཞིག་གསར་གཏོད་བྱེད་རྒྱུའི་འདོད་ཧམ་ཡོད་པ་འདྲ།


ཡེ་ཞོ་ཝེན་གྱིས “བླ་སྤྲུལ་དཔང་ཡིག” ཟེར་བ་སྔར་མེད་གསར་དུ་སྤྲོས། བོད་བརྒྱུད་ནང་བསྟན་དུ་བླ་སྤྲུལ་རྫུན་མ་འབོར་ཆེན་དེ་ལས་བྱུང་།

         གསུམ་པ། “དགོན་པར་གཙང་དག བླ་སྤྲུལ་ལ་གཙང་དག” ཟེར་བའི་སྐབས་སུ། ཡེ་ཞོ་ཝེན་གྱིས་སྔར་མེད་གསར་དུ་སྤྲོས་ནས། “བླ་སྤྲུལ་དཔང་ཡིག” ཟེར་བ་ཞིག་གསར་གཏོད་བྱས། བླ་སྤྲུལ་ངོ་མ་སུ་ཡིན་པ་དང་། བླ་སྤྲུལ་རྫུན་མ་སུ་ཡིན་པ། དགོན་པ་རང་ལ་ཐག་གཅོད་ཀྱི་དབང་ཆ་མེད་ལ། མཁས་བཙུན་བཟང་གསུམ་ལྡན་པའི་བླ་ཆེན་དག་ལའང་མི་དབང་། དེ་བཞིན་དུ་རྒྱ་ཆེ་བའི་གྲྭ་བཙུན་དཀྱུས་མ་དག་ལ་ཇུས་གཏོགས་ཀྱི་ཐོབ་ཐང་དེ་བས་ཀྱང་མེད། འོ་ན་སུ་ལ་དབང་ཆ་ཡོད་དམ་ཞེ་ན། རིམ་པ་སོ་སོའི་ཆོས་ལུགས་སྡེ་ཚན་གྱིས་ཐག་གི་གཅོད་དགོས། དེ་ཚོས་ཞིབ་འཇུག་ཐག་གཅོད་ཀྱི་རྗེས་སུ། “བླ་སྤྲུལ་དཔང་ཡིག” ཟེར་བ་རེ་གནང་གི་རེད།

       བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་སུ། རྒྱལ་རབས་རིམ་བྱུང་ཁྲོད། “བླ་སྤྲུལ་དཔང་ཡིག” ཟེར་བ་ཞིག་བྱུང་མྱོང་མེད། རྒྱ་ནག་གསར་བ་དབུ་བརྙེས་རྗེས། ལོ་རབས ༥༠ དང ༨༠ སོགས་ཀྱི་ནང་དུའང་བྱུང་མྱོང་མེད། བླ་སྤྲུལ་ནི་དགོན་པས་འཚོལ་ཞིབ་དང་། བླ་མས་ངོས་འཛིན་བྱས་པ་མ་ཡིན་པར། ཆོས་ལུགས་ལྷན་ཁང་གིས “བླ་སྤྲུལ་དཔང་ཡིག” ཟེར་བ་གནང་ནས་ངོས་འཛིན་དང་ཐག་གཅོད་བྱེད་ཀྱིན་ཡོད་པ་དང་། དེ་ཙ་ན།  ཡེ་ཞོ་ཝེན “ཆོས་དཔོན” ཆེ་ཤོས་སུ་གྱུར་པ་རེད། དེའི་རྐྱེན་གྱིས་ཟང་ཟིང་དང་རུལ་སུངས་གྱི་ངང་ཚུལ་རབ་དང་རིམ་པ་བྱུང་ཞིང་། སྤྱི་ཚོགས་སྟེང་དཔོན་པོའི་ཆེད་འདུར་རྒྱུགས། དཔོན་པོ་སློང་མཁན། དཔོན་པོ་ཉོ་མཁན། དཔོན་པོ་བཙོང་མཁན། ཆོས་ལུགས་ལས་རིགས་སུ “བླ་སྤྲུལ་དཔང་ཡིག” དེ་ཚོང་གི་ངོ་བོར་བསྒྱུར་ནས། རིམ་པ་སོ་སོའི་ཆོས་ལུགས་ལས་ཁང་དག་རྩོད་འཚོང་ལས་ཁང་དུ་གྱུར་ནས། ཡེ་ཞོ་ཝེན་ཚོང་བདག་ཆེ་ཤོས་དེ་ཡིན།

       ཁོང་ཚོས་དོན་དངོས་སུ་བླ་སྤྲུལ་དཔང་ཡིག་ག་ཚོད་ཅིག་བཙོང་ཡོད་དམ། རྒྱུ་དངོས་ག་ཚོད་ཅིག་བླངས་ཡོད་པ་སུ་ཡིས་བཤད་ཐུབ་བམ། སུས་ཡིས་ཞིབ་བཤེར་བྱེད་ནུས་སམ། པདྨ་འོད་གསལ་དང་ཀྲང་ཐེ་ལེན “བླ་སྤྲུལ” དེ་དག་གིས་ཁོར་ཚོར་ག་ཚོད་ཅིག་སྤྲད་ཡོད་དམ། ཡེ་ཞོ་ཝེན་ཚོར་ཁུག་དམར་ག་ཚོད་ཅིག་རེག་ཡོད་དམ། ཡེ་ཞོ་ཝེན། ཀྲུའུ་ཝེ་ཆོན་གྱི་འགོ་ཁྲིད་ནས། ཆོས་ལུགས་ལྷན་ཁང་གི་འགོ་བ་ཚོས་པདྨ་འོད་གསལ་དང་ཀྲང་ཐེ་ལེན་ལ་ཡང་ཡང་ཐུག་འཕྲད་གནང་ཞིང་། མཉམ་འདུས་ཀྱི་དྲན་རྟེན་འདྲ་པར་བླངས་ནས་གང་སར་བཀྲམས། དོན་དམ་པའི་ཡེ་ཞོ་ཝེན་ཚོར་ཁེ་བཟང་ག་ཚོད་ཅིག་རེག་ཡོད་དམ།

        ཉི་མ་འདི་དག་ཏུ་སྤྱི་ཚོགས་འབྲེལ་འདྲིས་དྲྭ་ཚུགས་སོགས་སྨྱན་བྱད་སྣ་མང་དུ་ལྟ་བ་གསར་བ་ཞིག་སྟེ “བླ་སྤྲུལ་དཔག་ཡིག” ཡོད་མཁན་དག “བླ་སྤྲུལ་ངོ་མ” ཡིན་ལུགས་བསྒྲགས་སྤེལ་བྱེད་ཀྱིན་ཡོད། བདག་གིས་དེ་ལྟར་མ་རེད། ཡེ་ཞོ་ཝེན་ཚོས་སྤྲད་པའི “བླ་སྤྲུལ་དཔག་ཡིག” བཟུང་ནས་འཇིག་རྟེན་ཉི་མའི་འོག་ངོམ་སོ་འཕྱར་བ་དང་། རྒྱུ་ནོར་ཧམ་ལེན་དང་འདོད་སེད་མགོ་སྐོར། དགོན་པའི་སྐུ་རྟེན་སོགས་རྐུ་བ། རིག་གནས་གནའ་རྫས་ལྐོག་བཙོང་རྒྱག་པའི་མི་མང་པོ་རེད། ཅེས་བཤད་ཁལ་བྱས་པ་ཡིན། ཡེ་ཞོ་ཝེན་ནི་དེ་ཚོའི་རྒྱབ་ཀྱི་བདག་པོ་རེད། “བླ་སྤྲུལ་དཔང་ཡིག” ཅིག་གིས་ཅི་ཡང་བདེན་དཔང་བྱེད་མི་ཐུབ།

        གནས་ཚུལ་དེ་བྱུང་མ་ཐག་ཏང་ནང་ཁུལ་གྱི་མཐོ་རིམ་ལས་བྱེད་ཐེན་བྷོ་ལགས་དང་། བཀྲ་ཤིས་དབང་ཕྱུག་ལགས་སོགས་དམར་དམག་རྒན་རབས་པ་ཚོས་སེམས་གཏིང་ནས་མ་མོས་པའི་རྣམ་འགྱུར་བཏོན་པའི་མ་ཚད་སྐྱོན་བརྗོད་ཀྱང་དྲག་པོ་བྱས་ཡོད། དམངས་ཆེན་ཚོགས་གཞོན་ང་ཕོད་ལགས་སྐུ་འཚོ་བཞུགས་སྐབས་སུའང་སྔ་རྗེས་ཐེངས་མང་པོར་དགོངས་འཆར་མ་འདྲ་བ་བཏོན་གནང་ཡོད། ཡིན་ན་ཡང་། ཡེ་ཞོ་ཝེན་ཚོར་རྒྱབ་རྟེན་ཡོད་པས་མི་སྐྲག་མི་འཇིགས་པ་དང་། སྣང་མེད་ལིང་སྐྱུར། ཁ་ཡ་ཁུར་ལེན་རྩ་བ་ཉིད་ནས་བྱས་མེད།


བླ་སྤྲུལ་གྱི་ཆེ་ཆུང་དང་འཛིན་སྐྱོང་གོ་སའི་གནས་རིམ་གཉིས་སྦྲེལ་པས། བོད་བརྒྱུད་ནང་བསྟན་ལས་རིགས་ཁྲོད་ཀྱི་རུལ་སུངས་ཀྱི་གནས་སྟངས་ལ་སྤེལ་རོགས་བྱས།

       བཞི་པ། འགན་འཛིན་ཡེ་ཞོ་ཝེན་གྱིས་དགོན་པར་འཛིན་སྐྱོང་ཅན་གྱི་དོ་དམ་བྱས་ཏེ། གོ་སའི་གནས་རིམ་གཏན་ཁེལ་དང་ལས་རིགས་གཏན་ཁེལ། བླ་སྤྲུལ་ལ་ཆེ་ཆུང་བཀར་ནས། ཅི་ཞིག་ནི་རྫོང་རིམ་པའི་བླ་སྤྲུལ་དང་། ས་ཁུལ་རིམ་པའི་བླ་སྤྲུལ། ཞིང་ཆེན་རིམ་པའི་བླ་སྤྲུལ། གོ་སའི་གནས་རིམ་གང་ཅན་གྱི་བླ་སྤྲུལ་ཚོ་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འཐུས་མི། དེ་བཞིན་རིམ་པ་སོ་སོའི་ས་གནས་གཞུང་གི་དམངས་ཆེན་དང་སྲིད་གྲོས་ཀྱི་འཐུས་མི་བྱས་ཆོག་མིན་སོགས་གོ་གནས་བསྟར་བགོས་བྱས་འདུག

       རྫོང་རིམ་པའི་བླ་སྤྲུལ་ཚོས་ཁུལ་རིམ་པའི་བླ་སྤྲུལ་གྱི་ཐོབ་དང་གོ་ས་ཐོབ་ཆེད་དང་། ཁུལ་རིམ་པའི་བླ་སྤྲུལ་ཚོས་ཞིང་ཆིན་རིམ་པའི་བླ་སྤྲུལ་གྱི་ཐོབ་དང་གོ་ས་ཐོབ་ཆེད། དེ་བཞིན་དུ་ཞིང་ཆེན་རིམ་པའི་བླ་སྤྲུལ་གྱིས་དབུས་ལས་ཁང་ཁག་ཏུ་འགྲོ་ཐབས་སུ། གང་ས་གང་དུ་འབྲེལ་བ་བཟོ་བ་དང་། ཁུག་དམར་ལྐོག་རྫོངས་སོགས་ཀྱི་ལས་དག་སྤེལ་ནས། སྤྱི་ཚོགས་སྟེང་དཔོན་པོ་དང་ཚོང་པ་ངན་འབྲེལ། བོད་ཁུལ་དུ་དཔོན་པོ་དང་བླ་སྤྲུལ་ངན་འབྲེལ། ག་ས་གང་དུ་ཟང་ཟིང་གིས་ཁེངས་ཤིང་། ག་ས་གང་དུ་རུལ་སུངས་ཀྱིས་ཁེངས།

      ངང་ཚུལ་དེས་བོད་བརྒྱུད་ནང་བསྟན་གྱི་དྲི་མས་མ་གོས་པའི་སྲོལ་རྒྱུན་དང་ཆོས་ཁྲིམས་ལ་གཏོར་བརླག་ཚབས་ཆེན་ཐེབས་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་དག་གཙང་རང་བཞིན་བཙོག་པར་བཟོས། ད་དུང་སྤྱི་ཚོགས་དར་སྲོལ་ལ་ནག་ནོག་དྲི་མས་ནོགས། ཏང་དང་སྲིད་ཀྱི་ལས་བྱེད་པ་སྐོར་ཞིག་བླ་སྤྲུལ་རྫུན་མ། གྲྭ་བཙུན་རྫུན་མས་རུལ་བསླད་དུ་བཏང་ཞིང་། དེ་ལས་ལྡོག་པའི་ཏང་སྲིད་ལས་བྱེད་པ་སྐོག་ཞིག་གིས་རང་འགུལ་ངང་ཁོང་ཚོའི་འདོད་ཧམ་ཅན་གྱི་ལག་ཟུང་དགོན་སྡེ་ཁག་ཏུ་བསྲིངས་། ནང་བསྟན་ལས་རིགས་སུ་བསྲིངས། ཡེ་ཞོ་ཝེན་གྱིས་བཤད་པ་ཇི་བཞིན། “སེམས་གྱ་མ་གྱུ་ཡི་མི་དག་གིས་བླ་སྤྲུལ་གྱི་ཕྱི་ཚུལ་སྤྱད་ནས་ཧམ་ལེན་བྱེད་འདོད་ཀྱི་བློ་སྐྱེས་ཡོད་ལ། རྫུན་མས་ངོ་མར་རྫུ་འདོད་དང་། རྫུན་མས་ངོ་མ་དཀྲུག་འདོད་ཀྱང་ཡིན།” བླ་སྤྲུལ་རྫུན་མ་ལུང་པ་གང་། གྲྭ་བཙུན་རྫུན་མ་ལུང་པ་གང་ཡོད་དོན་ནི། དེ་འདྲའི་གནས་སྟངས་ཤིག་གི་འོག་ཏུ་བྱུང་བ་ཤར་སྟག་རེད།

         རུལ་སུངས་ག་ས་གང་དུ་ཚབས་ཆེན་རེད། རྙོག་ཟིང་ག་ས་གང་དུ་རྫོབ་པར་སྐྱེས། དེ་ལས་ལྷག་པ་ཞིག་གང་ན་ཡོད་དམ།

        ཅུའུ་ཀྲང་ཆེན་མོ་ཡེ་ཞོ་ཝེན་ལགས། ཁྱེད་ཀྱིས་ག་ཚོད་ཅིག་ཧམ་ཟ་བྱས་ཡོད་དམ།

སྤྱི་ལོ ༢༠༡༥ཟླ ༡༢ ཚེས ༡༢ཉིན།

རྩོམ་ཡིག་འདིའི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག 

1 Comment on ཡེ་ཞོ་ཝེན་གྱི་ངང་ཚུལ་ལ་དགག་རྒྱག

  1. བློ་བཟང་བསམ་གཏན་ // 01/30/2016 at 12:12 am // Reply

    བོད་འགྱུར་བྱས་པ་ལ་དགའ་བསུ་ཡོད། ཡིན་ཡང་དག་ཆ་ལ་སྣང་ཆུང་གཏང་ན་མ་འོང་པར་བོད་མའི་སུམ་རྟགས་ཀྱི་འགྲོ་སྟངས་བེད་མེད་འགྲོ་ས་རེ།།

    Like

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s