ཁ་སྒང་གཡང་འབུམ་ཚེ་རིང་།
༼༡༽
སྣོད་ཀྱི་འཇིག་རྟེན་ཕྱི་འཁྲུཌ་ནང་འཁྲུཌ་རེད།།
བཅུད་ཀྱི་སེམས་ཅན་ཁྱོད་ཤི་ང་གསོན་རེད།།
སྙིགས་མ་ལྔ་བདོའི་དུས་ཀྱི་རང་གཟུགས་དེ།།
ཁ་སང་དེ་རིང་ཇེ་གསལ་ཇེ་གསལ་རེད།།
ཁ་སང་ཆུ་ལོག་རྒྱུགས་ནས་གྲོང་ཚོ་འཁུར།།
དེ་རིང་རླུང་འཚུབ་ལྡང་ནས་སྡོད་ཁང་བཤིག།
སང་ཉིན་ས་གཞི་འགུལ་བའི་འཇིགས་པ་སོགས།།
ཁ་སང་དེ་རིང་ཇེ་མང་ཇེ་མང་རེད།།
ཚན་རིག་ལག་རྩལ་གཅིག་ལས་གཅིག་མཐོ་རེད།།
མཁའ་རླུང་བཙོག་པའི་གནས་བབ་ཇེ་སྡུག་རེད།།
གོ་ལའི་ཚ་དྲོད་འཕར་བའི་ཉེན་ཚབས་འདི།།
ཁ་སང་དེ་རིང་ཇེ་ཆེ་ཇེ་ཆེ་རེད།།
རྡུལ་ཕྲན་མཚོན་ཆའི་ནུས་པ་ཇེ་ཐུ་རེད།།
རྒྱལ་ཁབ་ཕན་ཚུན་འཁོན་འགྲས་ཇེ་ཟབ་རེད།།
རང་གི་ཁེ་ཕན་ཁོ་ན་རྩོད་ཚུལ་འདི།།
ཁ་སང་དེ་རིང་ཇེ་དྲག་ཇེ་དྲག་རེད།།
མི་རིགས་ཕན་ཚུན་འབྲེལ་བ་ཇེ་ཞན་རེད།།
ཆོས་ལུགས་ཕན་ཚུན་རྩོད་རྙོག་ཇེ་ཆེ་རེད།།
རང་དང་གཞན་ཞེས་དབྱེ་འབྱེད་བསམ་བློ་འདི།།
ཁ་སང་དེ་རིང་ཇེ་མཁྲེགས་ཇེ་མཁྲེགས་རེད།།
སྔོན་ཐོན་རྒྱལ་ཁབ་བཙན་འཛུལ་ལས་ལ་རྔམ།།
ཉམ་ཆུང་ཚོགས་རྣམས་རང་དབང་རྩོད་ལ་བྲེལ།།
སྟོབས་འབྱོར་དབང་ཤུཌ་ངོམ་པའི་བྱ་བྱེད་འདི།།
ཁ་སང་དེ་རིང་ཇེ་རྩུབ་ཇེ་རྩུབ་རེད།།
རླབས་ཆེན་མི་སྣས་ཞི་འགྲིག་ལམ་བུ་འཚོལ།།
ཐ་ཤལ་དཔུང་གིས་ཕུང་དཀྲུག་ཁོ་ན་བྱེད།།
ཡང་དག་ལོག་པར་སྦྱར་བའི་བྱ་སྤྱོད་འདི།།
ཁ་སང་དེ་རིང་ཇེ་བཙོག་ཇེ་བཙོག་རེད།།
ཨ་རིས་དབང་འཛིན་ལག་པ་ཕྱོགས་བཞིར་རྐྱོང་།།
རྒྱ་ནག་ཁ་ཡག་མགོ་བདེས་གང་སར་འབྱར།།
ཁ་ཆེས་ཁ་ཐུག་འཇིགས་སྐུལ་བྱེད་ཚུལ་དག།
ཁ་སང་དེ་རིང་ཇེ་ཉེན་ཇེ་ཉེན་རེད།།
སྤྱི་ཕན་ཁ་ནས་གླེང་མཁན་མང་ན་ཡང་།།
སྒེར་གྱི་ཁེ་ཕན་གཙོ་བོའི་གཙོ་བོར་འཛིན།།
མདུན་དང་རྒྱབ་ཀྱི་ཆབ་སྲིད་འཁྲབ་ལུགས་འདི།།
ཁ་སང་དེ་རིང་ཇེ་དར་ཇེ་དར་རེད།།
བཙན་པོས་གཉོམ་ཆུང་སྒང་ན་འགྱིངས་ཉམས་ངོམ།
གཉོམ་ཆུང་བཙན་པོའི་འོག་ན་རྒྱུག་ཁྱི་བཞིན།།
དབང་ཤུགས་ཆེ་ཆུང་དབར་གྱི་འཁྲབ་གཞུང་འདི།།
ཁ་སང་དེ་རིང་ཇེ་རྒྱས་ཇེ་རྒྱས་རེད།།
༼༢༽
མི་ཡི་སེམས་རྒྱུད་ཉོན་མོངས་དུག་གིས་སྦོས།།
ཕྱི་ནང་འཇིག་རྟེན་དམར་བོ་ཁྲག་གིས་སྦག།
རྩོད་ལྡན་དུས་ཀྱི་རྟགས་མཚན་ངོ་མ་དེ།།
ཁ་སང་དེ་རིང་ཕྱི་ལ་མངོན་ཡག་རེད།།
སྲིད་ཀྱི་ཁ་ཕྱོགས་སྟོབས་དང་འབྱོར་བས་སྒྱུར།།
དམངས་ཀྱི་བསམ་འདུན་སྒྱོགས་དང་མེ་མདས་འཇོམས།།
མཉམ་འབྲེལ་རྒྱལ་ཚོགས་ཟེར་བའི་མྱིང་ཆེན་དེའང་།།
ཁ་སང་དེ་རིང་རྣམ་དབྱེ་དང་པོར་གནས།།
འཛམ་གླིང་སྤྱི་ཡི་འགྱུར་འགྲོས་ཕར་ལ་ཞོག།
རང་རེའི་བོད་ཀྱི་གནད་དོན་སྟེང་ནས་ཀྱང་།།
རྩོད་པའི་གཞི་ལམ་ཆེ་ཆུང་མཐའ་ཡས་པ།།
ཁ་སང་དེ་རིང་ཚང་མས་ཤེས་གསལ་རེད།།
རྒྱལ་ཁབ་ཤོར་བའི་བརྒྱུད་རིམ་ཁྲག་གིས་བཞུར།།
མི་རིགས་འཇིག་ལ་ཉེན་པའི་ནད་ཡམས་ལྕི།།
རིག་གཞུང་རྩ་བརླག་འགྲོ་བའི་གནས་བབ་སོགས།།
ཁ་སང་དེ་རིང་ཛ་དྲག་སྒང་ན་ཡོད།།
སྐྱབས་མགོན་བླ་མའི་དགུང་ལོ་ཇེ་མཐོ་རེད།།
ཁ་གཏད་གཞུང་དེའི་སྟོབས་འབྱོར་ཇེ་རྒྱས་རེད།།
ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ནུས་པ་དེ།།
ཁ་སང་དེ་རིང་ཅིས་ཀྱང་སྤུང་རན་རེད།།
བཙན་པོས་དཔའ་དམ་དགུང་དུ་འཕྱར་ཚུལ་དེ།།
སུམ་གཉིས་ས་ལ་མངའ་དབང་བསྒྱུར་ཚུལ་དེ།།
རྒྱལ་ཁབ་གཞན་པས་ངོ་དགའ་བྱས་ཚུལ་དེ།།
ཁ་སང་དེ་རིང་དྲན་པ་སོས་རན་རེད།།
ཚོགས་སྡེ་ནང་ཁུལ་འཐབ་པའི་གླེན་རྟགས་དེ།།
བླ་བྲང་ཕན་ཚུན་འཁྲུགས་པའི་འཐབ་རྩོད་དེ།།
ཐོབ་དང་གོ་ས་བརྩད་པའི་མཇུག་འབྲས་དེ།།
ཁ་སང་དེ་རིང་བོད་པས་མྱོང་མུས་རེད།།
ཆོལ་ཁའི་དབར་ན་རྩོད་རྒྱུ་ཅི་ཞིག་ཡོད།།
ཆོས་བརྒྱུད་དབར་ན་ཞེ་འཁོན་ཅི་ཞིག་ཡོད།།
བོད་རིགས་ནང་དམེ་བྱེད་པའི་སྐྱོ་གར་དེར།།
ཁ་སང་དེ་རིང་ཞེན་པ་ལོག་ཚོད་རེད།།
གཞིས་ལུས་སྤུན་ཟླའི་སྙིང་སྟོབས་མེ་རུ་འབར།།
ལ་རྒྱའི་དཔུང་རྡང་མ་ཀློད་དམ་པོར་སྦྲེལ།།
རང་དབང་འབོད་སྒྲ་སྒྲོག་པའི་ངར་སྐད་དེ།།
ཁ་སང་དེ་རིང་སེམས་ལ་ཟུག་ཚོད་རེད།།
མེས་པོ་དམ་པའི་ཞལ་ཆེམས་སྙིང་ལ་ཆོངས།།
རྩ་བའི་བླ་མའི་ཐུགས་དགོངས་སྒྲུབ་ལ་བརྩོན།།
རང་རིགས་རང་གིས་སྐྱོབ་པའི་འགན་འཁྲི་དེ།།
ཁ་སང་དེ་རིང་དང་དུ་ལེན་རན་རེད།།
༼༣༽
དུས་ཀྱི་འགྱུར་འགྲོས་སྒྱུ་མའི་སོ་ཁར་འཁྱོར།།
སྤྱི་ཚོགས་ཁྲ་ཁྲའི་སྣང་བརྙན་མིག་མཐར་རྒྱུ།།
འཁོར་བའི་བཙན་རྫོང་ཉུལ་བའི་མྱོང་བྱང་དེ།།
ཁ་སང་དེ་རིང་སེམས་ཀྱི་ཁུར་བོ་ཞིག།
བླ་མའི་བཀའ་གསུང་ལ་ཡང་མི་བརྩི་ཞིང་།།
ཕ་མའི་བསླབ་བྱ་སེམས་པའི་གཏིང་ནས་བརྗེད།།
མཁས་པའི་གདམས་པ་རྣ་རྒྱབ་ཏུ་འདོར་བའི།།
ཁ་སང་དེ་རིང་ལྟ་ལོག་སྤྱོད་ལོག་མང་།།
འདས་པའི་ལོ་རྒྱུས་ཙམ་ཡང་མི་ཤེས་ཤིང་།།
རང་རེའི་གནས་བབ་སྡུག་པོར་རྒྱུས་མེད་པར།།
སྲིད་ཀྱི་སྟེགས་བུར་ཧབ་ཐོབ་རྒྱག་མཁན་དེ།།
ཁ་སང་དེ་རིང་ཇེ་མང་ཇེ་མང་རེད།།
ཆབ་སྲིད་བཤད་པའི་ཁ་ལྕེ་བདེ་མོ་རེ།།
དམངས་སེམས་དཀྲུག་པའི་ཐབས་བྱུས་མཁས་པོ་རེ།།
རྩ་བའི་རྩ་དོན་གླེང་སའི་སྟེགས་བུར་ཡང་།།
ཁ་སང་དེ་རིང་ཕུང་དཀྲུག་ཆེད་མཁས་མང་།།
ཁམས་པའི་བླུན་རྟགས་གླང་རྒན་ས་གཤགས་འདྲ།།
ཨ་མདོའི་མཁས་ཚུགས་ཁྲོམ་པའི་སྦལ་བར་འགྲན།།
དབུས་པའི་བསྟུན་ཤེས་ཆེ་བའི་ཐབས་ཚུལ་སོགས།།
ཁ་སང་དེ་རིང་གཅིག་ལས་གཅིག་གྱོང་རེད།།
མི་སྣའི་ཤེས་འཇོན་གཙོ་བོ་མི་བྱེད་པར།།
སྒེར་གྱི་གནད་དོན་ཆུང་ཙག་ཡར་བསླངས་ནས།།
མི་གཞི་ནག་པོར་སྒྲུབ་པའི་བྱེད་སྟངས་འདི།།
ཁ་སང་དེ་རིང་དར་སྲོལ་ཆེན་པོ་རེད།།
དོན་དངོས་གང་དེར་བསམ་ཞིབ་མི་བྱེད་པར།།
གཞན་གྱི་ཟེར་སྒྲོས་ཙམ་གྱི་རྗེས་འབྲངས་ནས།།
གང་བྱུང་མང་བྱུང་འཆད་ལ་རབ་བརྩོན་པའི།།
ཁ་སང་དེ་རིང་ཨ་བོ་ནེ་ཙོ་མང་།།
ཕྱི་ལ་བསྐོར་ན་ཙི་ཙིའི་སྙིང་ལས་ཆུང་།།
ནང་ལ་བསྐོར་ན་མཐོ་དམན་ཀུན་ལས་དཔའ།།
སྤུན་ཟླ་དགྲ་རུ་སྡང་བའི་གླེན་རྟགས་དེ།།
ཁ་སང་དེ་རིང་ད་དུང་རྒྱུན་འཁྱོངས་བྱེད།།
བསམ་ཚུལ་མི་མཐུན་རང་ལྟ་མཆོག་འཛིན་རེད།།
ཞེན་ཕྱོགས་མི་གཅིག་ཁ་ཁ་སོ་སོ་རེད།།
རང་ཐག་རང་གཅོད་མང་གཙོའི་བདག་དབང་དེ།།
ཁ་སང་དེ་རིང་སུ་ཡིས་འཕྲོག་པར་ནུས།།
རང་གི་རྡོག་ལམ་རང་གིས་ཆོད་དཀའ་ཞིང་།།
རང་གི་ངོ་གདོང་རང་གིས་མ་མཐོང་བར།།
ཀུན་ལ་ཇུས་གཏོཌ་བྱེད་དགའ་བདག་འདྲ་བའང་།།
ཁ་སང་དེ་རིང་མེད་སའི་སྤྱི་ཚོགས་གང་།།
༼༤༽
སྤྱི་ཚོགས་འཚོ་བ་ཟ་ངེ་ཟིང་ངེ་རེད།།
མི་ཡི་གཤིས་རྒྱུད་རྩ་ངེ་རྩིང་ངེ་རེད།།
དུས་ཀྱི་ཁ་རླངས་ནག་པོའི་གྲིབ་ནད་དེ།།
ཁ་སང་དེ་རིང་ས་ཁྱབ་རྡོ་ཁྱབ་རེད།།
སེར་པོ་གསེར་ཁྲིར་བཞུགས་པའི་སྤྲུལ་སྐུའི་ཁྲོད།།
མཐོན་པོ་གོ་སར་འགྱིངས་པའི་དཔོན་པོའི་ཁྲོད།།
དཀྱུས་མའི་ཁྲོམ་ན་འདུར་བའི་མང་ཚོགས་ཁྲོད།།
ཁ་སང་དེ་རིང་མགོ་རྟིང་སློག་མཁན་མང་།།
སེམས་དཔའ་སུ་ཡི་སྤྲུལ་བ་ཡིན་ཁུལ་གྱིས།།
འདི་ཕྱིའི་གནས་ལུགས་ཇི་བཞིན་མཁྱེན་མདོག་གིས།།
རྒྱུ་དང་བུད་མེད་ཁོ་ན་རག་འདོད་ཆེད།།
ཁ་སང་དེ་རིང་རྒྱ་བླ་ཆོས་འཚོང་མང་།།
ཀུན་གྱི་ཡིད་ཆེས་ལས་ཐོབ་གོ་གནས་དེ།།
དམའ་བར་གཉའ་གནོན་བྱེད་པའི་ལག་ཆ་དང་།།
དམངས་ལ་བཤུ་གཞོག་བྱེད་པར་རྟུན་ཆེ་བའི།
ཁ་སང་དེ་རིང་དཔོན་པོ་སྡིག་ཆེན་མང་།།
སྟོན་པའི་ན་བཟའ་ལུས་ལ་གོན་བཞིན་དུ།།
རབ་བྱུང་ཕོ་མོའི་བརྟུལ་ཞུགས་འཛིན་བཞིན་དུ།།
དགའ་རོགས་བསྒྲིགས་ནས་ཚུལ་མིན་ཉོག་དཀྲུགས་པའི།།
ཁ་སང་དེ་རིང་གྲྭ་བཙུན་སྡོམ་མེད་མང་།།
ཆོས་སྒོར་ཞུགས་ནས་ཆོས་གནད་མ་རྟོགས་ཤིང་།།
སྐྱ་སར་བབས་པ་དགོས་དབང་ཡིན་ཚུལ་གྱིས།།
བསྟན་དང་བསྟན་པར་ངན་ཁག་རབ་དཀྲི་བའི།།
ཁ་སང་དེ་རིང་གྲྭ་ལོག་ཇོ་ལོག་མང་།།
སློབ་མཐར་སོན་པའི་ལག་འཁྱེར་ཙམ་པོ་དེས།།
ཡིག་ངོ་ཆོད་པའི་ཤེས་ཡོན་ཉི་ཚེ་བས།།
སློབ་མའི་མི་ཚེ་འཕྲོ་བརླག་ཏུ་གཏོང་བའི།།
ཁ་སང་དེ་རིང་དགེ་རྒན་ལྕགས་གདོང་མང་།།
མི་རིགས་ཤིག་གི་སོན་རྩ་ཡིན་སྙམ་བཞིན།།
རིག་གཞུང་དེ་ཡི་བདག་པོ་ཡིན་བསམ་མོད།།
ཐ་ན་རང་སྐད་དག་མ་མི་ཤེས་པའི།།
ཁ་སང་དེ་རིང་སློབ་མ་འདོམས་མེད་མང་།།
རྟ་ནོར་ལུག་གསུམ་ཤོག་བུ་འགར་བརྗེས་ནས།།
ཡངས་པའི་རྩྭ་ཐང་གཡུགས་ནས་གྲོང་ཁྱེར་ཉུལ།།
མཐིང་སྨུག་སྦྲ་ལ་བདག་པོ་མི་ཐོན་པའི།།
ཁ་སང་དེ་རིང་འབྲོག་པ་ཨ་གསར་མང་།།
རྣང་ཞིང་གྲུ་བཞིར་ཤིང་སྡོང་འགའ་བཙུགས་ནས།།
སྡོང་འཛུགས་ནགས་སྐྲུན་བྱ་འགུལ་སྤེལ་ཚུལ་གྱིས།།
གཞུང་གི་གཡོ་བྱུས་བརྔན་པར་ལག་གཟེད་པའི།།
ཁ་སང་དེ་རིང་རོང་བ་མགོ་འཐོམས་མང་།།
༢༠༡༦/༠༢/༠༥
རྩོམ་ཡིག་འདིའི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག