༧ གོང་ས་མཆོག་གི་ལོ་གསར་འཚམས་འཕྲིན།



          ང་འདིར་ལྒང་པའི་ནད་གཞི་སྔོན་འགོག་གི་སྨན་བཅོས་བྱས་ཏེ་བསྡད་ཡོད། དེ་རིང་གོ་སྐབས་འདི་བརྒྱུད་དེ། གཙོ་ཆེ་བ་གཞིས་ལུས་རྒྱ་ཆེའི་མི་མང་སེར་སྐྱ་རྒན་གཞོན་ཚང་མ་དང་། དེ་བཞིན། བཙན་བྱོལ་དུ་ཡོད་པའི་བོད་མི་སེར་སྐྱ་མི་མང་རྒན་གཞོན་ཚང་མ་ལ། གནམ་ལོ་གསར་ཚེས་འཆར་ལ་ཉེ་བ་ཡོད་སྟབས། ཚང་མར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་འདོད་བྱུང་། དེ་རིང་འདིར་ཞུ་བའི་རྒྱུ་མཚན་གཅིག་དེ་བར་སྐབས་ང་འདིར་སྨན་བཅོས་བྱེད་དུ་ཡོང་བ་ཡིན་སྟབས། བོད་ཕྱི་ནང་གི་དད་པ་དང་དམ་ཚིག་གཡོ་བ་མེད་པའི་རྒྱ་ཆེའི་མི་མང་མང་པོ་ཞིག་གིས་ཞབས་རིམ་གནང་བ་དང་སེམས་འཁུར་ལྕི་མོ་ཞིག་ལངས་པ་བྱུང་འདུག ཁྱེད་རང་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        ང་དེ་རིང་ཁྱེད་རང་ཚང་མ་མཇལ་ནས་མཚམས་འདྲི་ཞུ་བ་དང་ཆབས་གཅིག ང་འདིར་བདེ་ཐག་ཆོད་བྱས་ཏེ་བསྡད་ཡོད། སྨན་བཅོས་བྱེད་པ་དེར་དུས་ཡུན་ཏོག་ཙམ་འགོར་བ་མ་གཏོགས་ཉི་མ་རེ་རེར་སྐར་མ་ཁ་ཤས་མ་གཏོགས་རྙོག་གྲ་གང་ཡང་མི་འདུག ལྷོད་ལྷོད་བྱས་ཏེ་བསྡད་ཡོད། ཧ་ལམ་ངལ་གསོ་བརྒྱབ་ནས་བསྡད་ཡོད་པ་འདྲ་བོ་རེད། ནམ་རྒྱུན་ང་རང་གི་ཁ་འདོན་དང་བར་སྐབས་རེ་ཡོད་དུས་དཔེ་ཆ་རེ་ཀློག་ནས་བསྡད་ཡོད། ཁྱེད་རང་ཚོས་ཐུགས་ཁྲལ་ཁྱོན་ནས་མ་གནང་རོགས་ཞུ་བཞིན་ཡོད།

        ང་ཚོར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞེས་ཁ་རྒྱུན་ཡོད་པ་རེད། དེ་ལོ་གསར་ཕྱེ་མར་མཆོད་པ་དང་ཆང་འཐུང་བ། ཤོ་སྤག་རྩེད་རྒྱུ་སོགས་ཀྱི་སྐད་ཆ་ཞིག་ཧ་ལམ་མ་རེད། བཀྲ་ཤིས་ཟེར་བ་དེ་འཇམ་དཔལ་མཚན་བརྗོད་ནང་།

བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །

གྲགས་པའི་བཀྲ་ཤིས་སྙན་གྲགས་ཆེ། །

         གསུངས་པ་ལྟར། བཀྲ་ཤིས་ཟེར་བ་དེ་བདེ་བ་ང་ཚོ་ཚང་མས་འདོད་ཀྱི་ཡོད་པ་རེད། སྡུག་བསྔལ་མི་འདོད་པ་རེད། བདེ་བའི་རྒྱུ་དེ་ཕན་པ་དང་བདེ་བ་འདོད་མཁན་ཞིག་ཡིན་སྟབས་དེ་ལ་བཀྲ་ཤིས་ཟེར་གྱི་ཡོད་པ་རེད། དེ་འདྲའི་བདེ་སྐྱིད་ཡོང་བའི་རྒྱུ་དགེ་བ་དེ་བསྒྲུབས་ཏེ། སོ་སོའི་མི་ཚེ་གཞན་ཕན་གྱི་བསམ་པ་ཡོད་པ་དང་། གཞན་ལ་འཚེ་བ་མི་བྱེད་པ། དེ་འདྲ་ཞིག་གི་ཐོག་ནས་མི་ཚེ་སྐྱེལ་བ་ཡིན་ན། མི་ཚེ་དེ་བཀྲ་ཤིས་པ་འབྱུང་བ་རེད། དེ་འདྲའི་བཀྲ་ཤིས་པའི་རྒྱུ་རྐྱེན་དེ་ལ་བརྟེན་ཏེ། འབྲས་བུ་བཀྲ་ཤིས་བདེ་ལེགས་ཟེར་བ་དེ་འབྱུང་གི་ཡོད། བདེ་ཟེར་བ་དེ་འཕྲལ་དུ་བདེ་བ་དང་། ལེགས་ཟེར་བ་དེ་མཐར་ཐུག་ངེས་ལེགས་ཀྱི་གོ་འཕང་ཐོབ་པ་དེ་སངས་རྒྱས་ཆོས་ཀྱི་འགྲོ་སྟངས་ཤིག་རེད། དེར་བརྟེན། ངས་ཁྱེད་རང་ཚོ་ཚང་མ་ལ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞེས་ཞུ་བ་དང་ཆབས་གཅིག ང་ཚོས་བཀྲ་ཤིས་བདེ་ལེགས་མིང་དོན་མཚུངས་པ་ཞིག་དང་། དོན་དང་ལྡན་པ་ཞིག་གནང་རོགས་གནང་ཞེས་ཏེ་ཞུ་འདོད་བྱུང་སོང་།

         འདིར་སྨན་ཁང་དུ་ལས་ཀ་བྱེད་མཁན་ཚང་མས་སྙིང་ཉེ་བ་དང་སེམས་འཁུར་ཆེན་པོ་ལངས་ ཏེ། ང་འདིར་སེམས་བག་ཕེབས་ཐག་ཆོད་བྱས་ཏེ་བསྡད་ཡོད། ང་བློ་བག་ཕེབས་པོ་བྱས་ཏེ་བསྡད་ཡོད་སྟབས་མི་སུ་ལ་ཐུག་པ་ཡིན་ནའང་ཚང་མ་འཛུམ་ ཤིག་ཤིག་བྱས་ཏེ་བསྡད་ཡོད། དེ་ཁྱེད་རང་ཚོར་ཞུ་འདོད་བྱུང་སོང་།

         འཛམ་གླིང་འདིའི་སྟེང་བོད་རིགས་མ་ཡིན་པ་ངས་ངོ་ཤེས་མཁན་མང་པོ་ཞིག་ཡོད་པ་རེད། ཆོས་པའི་ནང་དུ་ཡོད་པ་རེད་ལ། ཆོས་དད་མེད་མཁན་ནང་དུའང་ཡོད་པ་རེད། ཚན་རིག་པའི་ནང་དུ་མང་པོ་ཡོད་པ་རེད། ལྷག་པར་དུ་ཕྲུ་གུ་ཆུང་ཆུང་དེ་འདྲས་ང་ལ་ཡི་གེ་འདྲ་བྲིས་ཏེ་འཚམས་འདྲི་བྱེད་ མཁན་དེ་འདྲ་བྱུང་སོང་། དེ་དག་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཚང་མས་སྨོན་ལམ་བརྒྱབ་ནས་སེམས་འཁུར་ཆེན་པོ་བླངས་པ་དེར་ང་རང་ཞེ་དྲགས་དགའ་བོ་བྱུང་། ཐུགས་རྗེ་ཆེ།

1 Comment on ༧ གོང་ས་མཆོག་གི་ལོ་གསར་འཚམས་འཕྲིན།

  1. གངས་རི་ར་བས་བསྐོར་བའི་ཞིང་ཁམས་ནས།།
    ཕན་དང་བདེ་བར་མ་ལུས་འབྱུང་བའི་གནས།།
    སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།
    ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།

    Like

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s