འུར་ཐག

…. ཅ་ཅོའི་ལོ་རྙིང་ལ་ཕུལ་བ།             

སྨྱུག་མདའ།

ཉི་མ་ཤར་ནས་ནུབ་ལ་ཉེ་དུས་འདྲིས་མཚམས་ཤིག་གི་གཏིང་ཀ་བཙལ།
འཛུམ་ཆུང་བཅོས་མའི་མཚན་ལྗོངས་ངོགས་ན་རྨི་ལམ་ཞེས་པའི་ཐ་སྙད་རྒུམ།།
ནམ་མཁའ་འདི་ལྟར་དྲན་ཤིང་ཡིན་དོན་རྒོད་པོ་འཕུར་ཁའི་ཕྱིར་མིག་རེད།།
མི་ཚོགས་བཞུད་ལམ་རྡུལ་ལ་ཐིམ་སྟེ་ཡིག་འབྲུ་དམར་པོའི་ངོས་དག་གསལ།།

དར་བབ་ཚེ་ཡི་སྙིང་བོ་འདི་འང་གནའ་བོའི་སྲོལ་ཀ་ཨེ་ཡིན་སྙམ།།
འོད་ཀྱི་དཀྱིལ་ལ་མིག་གིས་བལྟ་བཞིན་ཤ་འཁོན་རུས་པ་གཏིང་ལ་ཟུག།
ཤེས་རབ་བཅུས་པའི་གོ་བརྡ་འཕྲོད་ཙམ་ལག་འཇུ་ནག་པོའི་སྔས་མགོར་བཅར།།
བདེན་པ་ཟེར་བའི་ལམ་བུ་དེ་ན་རྣམ་གཞག་འཁྱོར་བའི་ཁོར་ཡུག་གྲུབ།།

སེམས་ཀྱི་སྟེགས་བུར་ལག་པ་འཇོག་དུས་སུས་ཀྱང་མ་ཤེས་གཉིད་དུ་ཡུར།།
ངུ་ངག་སྐྱུར་མོའི་གཏམ་རྒྱུད་ཀློང་ན་རྩྭ་ལྡུམ་མང་པོས་མགོ་བོ་དགྱེ།།
ངོ་གདོང་རྙོག་མའི་ཉིན་ཞག་འདི་ཀོ་གླང་རྫིའི་དོར་མ་ཡག་ཙམ་བྱུང་།།
མུན་པ་ཟེར་བའི་ཡིག་ཚོགས་སྣབས་ལུག་དད་པའི་ཟ་འཕྲོ་ཕྱི་རུ་མངོན།།

དུག་མེད་མཆི་ཏོས་འོ་ཆུང་བྱས་པར་ཁྱི་རྣམས་ཟུག་སྐད་གཅིག་ཏུ་འདོན།།
མི་གཤིས་ཆུ་མོའི་ཁ་རུ་གཡེང་པས་དབུ་ཡི་ན་རོ་ཚོན་སྣ་བྱུགས།།
ཐིག་ལེ་མེད་པའི་མིང་ཡིག་གྲིམ་པོ་གངས་ཅན་གླུ་བས་རབ་རྟོག་བཟོས།།
ཆུ་ཚོད་སྐར་མ་སྡོམ་ཚིག་བརྒྱབས་ན་གད་སྙིག་མཁའ་ལ་འཕགས་སེ་འོ།།

སྙན་ངག་ཤི་བོའི་རོ་སྒམ་ཁ་རུ་ང་ཡི་གློ་སྙིང་དྲག་ཏུ་ལྡིང་།།
ཕོ་བྲང་འདབས་ཀྱི་ཁྭ་ཏ་དཀར་པོས་རྨི་ལམ་དགོད་པའི་ཉིན་མཚན་སྲུང་།།
ཚུགས་ཀ་བཞོར་བོས་སྤྲིན་པ་བརྗེ་ཞོར་འཚོ་བ་ཡ་གིའི་རྐང་བ་འཐམ།།
ཤོག་ལྷེ་ཟད་པོའི་ཁ་ཆུ་སྐམ་པ་འུར་གྱིས་བཀྱགས་པའི་བྲོས་ཤིག་རེད།།

ཤ་དང་རུས་པ་སྐུད་པར་རྒྱུས་ཏེ་སྟོད་ཀྱི་རི་ལུང་འཁྱག་ཤི་ཐེབས།།
ཤེད་པོའི་ངོ་སོ་དང་དུ་བླངས་པ་མགོ་འཕང་དུད་པའི་ཆོ་འཕྲུལ་ཉིད།།
མི་ཕོ་ཟེར་བ་ཀི་ཡིས་བརྒྱགས་ཤིང་རྒྱལ་ཁབ་བདོ་བའི་ཁ་ཚིག་སྒྲིག།།
སྨུག་པ་འཐིབས་པའི་རི་ཞོལ་ཀན་དུ་ཚོད་ཚོད་དངངས་པ་ཧད་ཀྱིས་འཆོར།།

དོ་ནུབ་ལོ་འདིའི་བྱུང་རིམ་བྲི་ན་ངུ་རེ་དགོད་རེར་བྲོ་ལ་བསྒྲིལ།།
ཤོབ་སྒྲའི་རླུང་བུ་འཚུབ་མ་དང་བཅས་ཤོག་ཁ་ནག་པོའི་རྣ་བུག་བརྡུངས།།
ད་ལྟ་རི་སུལ་འབྲི་མཚམས་ཆད་སོང་བ་སྤུའི་ཉག་མ་ཉི་མར་ལྡེས།།
རས་དམར་ཁ་ཕོར་སྔུན་ལ་བརྡར་བ་ལོ་རྒྱུས་སྟེང་གི་བསྔོ་ཡིག་གོ།

༢༠༡༦ ། ༠༡ ། ༢༧ ལ་ཝཱ་རཱ་ཎ་སཱིར།

རྩོམ་ཡིག་འདིའི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s