མཛངས་བློན་བདུན་དང་རྩལ་བོ་ཆེ་མི་བདུན།

བོད་ཀྱི་མཛངས་བློན་བདུན་དང་རྩལ་བོ་ཆེ་མི་བདུན།

རེབ་གོང་རྟ་གོ

སྤུར་རྒྱལ་བོད་ཀྱི་མཛངས་བློན་མི་བདུན་ཞེས།།
སྙན་པའི་གྲགས་པ་ས་སྟེང་ཁྱབ་པ་ཡི།།
ཐོག་མར་གྱུར་པ་སྟོད་ཀྱི་སྟེང་གཉིས་ལས།།
ཕྱི་མ་རྒྱལ་པོ་པུ་དེ་གུང་རྒྱལ་གྱི།།
མཛངས་པའི་བློན་པོ་རུ་ལས་སྐྱེས་ཡིན་ལ།།
མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང་།།
དེ་ཡིས་རྡོ་བཞུས་གསེར་དངུལ་ཟངས་ལྕགས་སྦྱངས།།
ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས།།
ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས།།
རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས།།
བརྒལ་བར་དཀའ་བའི་ཆུ་ལ་ཟམ་པ་བཙུགས།།
རྨོས་པའི་ལོ་ཏོག་ཐོག་མར་འདི་ནས་བྱུང་།།
ལེགས་དྲུག་ཐོག་མ་ཨེ་ཤོ་ལེགས་ཀྱི་བློན།།
བློན་པོ་རི་ལས་སྐྱེས་ཀྱི་བུ་ཡིས་བྱས།།
བློན་འདིའི་མཚན་ལ་ལྷ་བུ་མགོ་དཀར་བྱ།།
འཕྲུལ་བློན་མཛངས་བློན་བདུན་གྱི་གཉིས་པ་ཡིན།།
མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིས།།
འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས།།
མདའ་རུ་ཆུ་མ་རྨོ་བ་འདི་ནས་དར།།
འཕྲུལ་བློན་མཛངས་མི་བདུན་གྱི་གསུམ་པ་ནི།།
སྟག་རི་གཉན་གཟིགས་ཞེས་སུ་གྲགས་པ་ཡི།།
བོད་ཀྱི་རྒྱལ་པོ་སོ་གཅིག་པ་ཡི་བློན།།
ཁྲི་ངོར་སྣང་བཙུན་མོང་གི་བུ་ཡིན་ལ།།
།འདི་དུས་བྲེ་ཕུལ་སྲང་དང་ཚོང་ལས་དར།།
འཕྲུལ་བློན་མཛངས་མི་བདུན་གྱི་བཞི་བ་ནི།།
འཕྲུལ་གྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡི།།
ཆོས་ཀྱི་བློན་པོ་སློབ་དཔོན་ཐོན་མི་སྟེ།།
ཁོང་གིས་བོད་ཡིག་ཐོག་མར་གསར་བཟོ་མཛད།།
བོད་ཡུལ་མུན་པའི་སྨག་ལ་སྒྲོན་མེ་བཏེགས།།
མཛངས་བློན་བདུན་ལས་ལྔ་བ་སྲོང་བཙན་གྱི།།
བློན་པོ་ཁྲི་བཟང་ཡང་སྟོན་སྙགས་ཀྱི་བུས།།
མཛངས་པའི་ལས་སུ་རི་ཁྱིམ་ཀླུང་དུ་ཕབ།།
སྤོ་མཐོའི་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས།།
འདི་ཡན་བོད་ཀྱི་ཁང་ཁྱིམ་རི་ལ་ཡོད།།
བོད་ཀྱི་གྲོང་ཁྱེར་དུས་སྐབས་འདི་ནས་བྱུང་།།
ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི།།
མགོས་རིགས་བློན་པོ་ཁྲི་བཟང་ཡབ་ལྷག་(ལྷ)ནི།།
འཕྲུལ་བློན་མཛངས་མི་བདུན་གྱི་དྲུག་པ་སྟེ།།
བློན་པོ་འདི་ཡིས་གསོས་ཐང་སྟོང་ཐང་སོགས།།
ཁྲིམས་ཀྱི་བྱང་བུ་ཆ་དགུ་གཏན་ལ་ཕབ།།
བོད་ཀྱི་ཁྲིམས་ཀྱི་ཐོག་མ་འདི་ནས་དར།།
མཛངས་བློན་བདུན་པ་ཁྲི་སྲོང་ལྡེའུ་བཙན་གྱི།།
བློན་པོ་སྟག་བཙན་གདོང་གཟིགས་ཞེས་བྱ་སྟེ།།
བློན་པོ་འདི་ཡིས་འབངས་མི་ཁྱིམ་རེ་ལ།།
རྟ་མཛོ་བ་དང་གླང་སོགས་རེ་རེ་བཞིན།།
ཆ་སྙོམས་བགོས་ཤིང་དབྱར་གྱི་རྩྭ་བྲེགས་ནས།།
བསྐམས་རྗེས་དགུན་དུས་ཕྱུགས་ཀྱི་གཟན་དུ་བྱིན།།
ཕྱུགས་ལ་གཟན་རྩྭ་སྟེར་བའི་སྲོལ་ཀ་ཡང་།།
བློན་པོ་འདི་ཡི་རིང་ནས་དར་བར་བཤད།།

       དེ་ཡང་སྤྱི་ལོའི་དུས་རབས་བདུན་པའི་མཇུག་ཙམ་ལ།བོད་དུ་རྩལ་བོ་མི་བདུན་བྱུང་མྱོང་ཞེས་ས་ཁྱབ་རྡོ་ཁྱབ་ཏུ་བཀོད་ཡོད་པ་དེ་བོད་རྒྱལ་སུའི་རིང་ལ་ཇི་ལྟར་བྱུང་ཞེ་ན། དེ་ནི་བོད་ཀྱི་རྒྱལ་རབས་སོ་བཞི་བ་མང་སྲོང་མང་བཙན་གྱི་སྐབས་སུ་བྱུང་ཞིང་། སྐབས་དེར་རྒྱལ་བློན་འབངས་གསུམ་སོགས་མི་སྟོང་ཕྲག་མང་བོ་ཕྱོགས་བཞི་མཚམས་བརྒྱད་ནས་ལྷན་དུ་འདུས་ཏེ། རྣམ་པ་རྒྱ་ཆེ་བའི་སྟོབས་རྩལ་འགྲན་ཞིང་འགྲན་བསྡུར་དེའི་སྟེང་དུ་སྟོབས་ལྡན་རྩལ་བོ་ཆེ་མི་བདུན་བྱུང་ཞིང་། དེ་དག་གི་སྟོབས་རྩལ་གྱི་གྲགས་པ་རྣམས་སྐབས་དེར་བོད་ཁམས་ཡོངས་ལ་ཁྱབ་པས། ཁོང་རྣམ་པའི་སྙན་གྲགས་རེ་རེ་བཞིན་རྗེས་རབས་པ་དག་གིས་བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་བཀོད་ནས་ད་ལྟ་ང་ཚོ་རྗེས་རབས་པ་རྣམས་ཀྱི་མཐོང་བྱེད་ཡུལ་དུ་གྱུར་ཡོད་ལ། འདིར་རྩལ་ཆེན་དེ་དག་གིས་བློ་ཡུལ་ལས་འདས་པའི་ནུས་རྩལ་ཅི་ཞིག་བཏོན་པ་མཚམས་སྦྱོར་ཙམ་བྱེད་ན། དང་པོ་སྟོབས་རྩལ་འགྲན་ཟླ་མེད་པའི་འགོས་གཡག་ཆུང་གིས། ཤ་བོའི་བླུད་པུ་སྟེ་ཤ་ལྤགས་བུབས་བཤུས་ཀྱི་རྐྱལ་བ་བྱེ་མས་བཀང་བ་ཞིག་ཚོགས་ཐོག་ཏུ་ཀླད་ལ་བསྐོར་བ་དང་། གཉིས་པ་ལུས་སྟོབས་ལྡན་པའི་རྔོག་རིང་ལ་ནག་པོས། གླང་བོ་ཆེ་ཆེན་པོ་ཞིག་ཡར་ལ་བཏེགས། གསུམ་པ་ལུས་རྩལ་ཆེ་བའི་རྔོག་གླིང་ཁམས་ཀྱིས།  གཡག་དྲུས་པོ་ཆེ་སྟེ་གཡག་རྒོད་ན་སོ་དར་ལ་བབ་ཡོད་པ་ཞིག་འདེགས་ཐུབ་པ་བྱུང་།

         བཞི་བ་མཐེབས་རྩལ་གླིང་ལ་གྲགས་པའི་དབས་རྒོད་བཙན་གྱིས། མིག་རྒྱང་གསུམ་སྟེ་མིག་གིས་མཐོང་ཚད་ཀྱི་རྒྱང་ཐག་གསུམ་གྱི་རིང་ལ་མདའ་རྒྱང་སླེབས་ཐུབ་པ་བྱུང་། ལྔ་པ་མཐེབ་རྩལ་འགྲན་ཟླ་མེད་པའི་གནོན་རྒྱལ་མཚན་གྱིས། མདའ་མོ་སྟེའུ་ཁ་མས། བྱ་ཁྲ་སྟེ་བྱ་དང་བྱེའུ་གསོད་པའི་བྱ་གླག་རོག་དང་བྱ་ཁྲའི་རྐེད་པ་བཅད་ནས་ཚོགས་པའི་དཀྱིལ་དུ་ལྷུང་བར་བྱས། དྲུག་པ་ཤུགས་རྩལ་འགྲན་མེད་ཅོག་རོ་འབྲོང་གཤོར་གྱིས། འབྲོང་ཐུར་རྒྱུག་གྱེན་དུ་འཐེན་ནུས་པ་ཞིག་བྱུང་། བདུན་པ་སྟོབས་ལྡན་གནོན་ཁྲི་བདུན་གཡུ་བྱིན་གྱིས། རྟ་བཟང་བོ་ཤུགས་ཚད་དཔོག་དཀའ་བ་ཞིག་གཡང་སར་མཆོངས་པ་གྱེན་དུ་འདྲེན་པ་བཅས་དཔའ་རྩལ་འདྲ་དང་མི་འདྲ་བ་འགྲན་ཟླ་དང་བྲལ་བ་དེ་དག་ངོམས་པས། དེར་ཚོགས་ཀྱི་རྒྱལ་བློན་འབངས་གསུམ་རྣམས་ཧ་ལས་ཤིང་ཡ་མཚན་པར་གྱུར། དེ་ནས་བཟུང་བོད་གངས་ཅན་གྱི་རྩལ་བོ་ཆེ་མི་བདུན་ཞེས་ས་ལ་རླང་ལྟར་གྲགས་སོ།།

ངེད་དྲ་ཚིགས།  <<ཀློག་པ་པོ>>ལས་བཤུས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s