མགར་བཟའ།

དབུས་ཀྱི་བྱང་ཐང་ནས་ལྷགས་རླུང་གིས་བརྡར་ཞིང་།
སྨད་ཀྱི་སྤང་ལྗོངས་ནས་རྩྭ་ཕྲན་གྱི་སྨྲེང་གླུས་རྨས་པ།
ཁྱེད་དྲན་པའི་སྔ་ནུབ་ཀྱི་བྱུང་བ་དམར་པོ་ཡིན།

དུས་རྒྱུན་དྲན་ངོས་སུ་ཡང་ཡང་འཁོར་དུས།
ངས་རང་ཉིད་འོང་སའི་ལམ་ཕྲན་དེ་བསྐྱར་དུ་བཙལ་ཞིང་།
བརྗོད་མི་ཚར་བའི་བྱུང་བ་མང་པོ་ཞིག
ཡང་ནས་བསྐྱར་ཏུ་ཁྲག་རིས་སུ་འབྲི་དགོས་བྱུང་།

གླེང་མི་ཚར་བའི་གདོད་མའི་གཏམ་རྒྱུད་རིང་མོ་དེའི་མཇུག་བྱང་འདི་ལྟར་རྙེད་ཅིང་།
བྲིས་མི་ཚར་བའི་ངག་སྒྲུང་གི་དབྱངས་འགྲོས་མཐུག་པོ་འདི་ལྟར་མཐུད་པས།
ང་རང་ཁྱེད་ཀྱི་འདུ་བྱེད་དང་མཉམ་དུ་འགུལ་གྱིན་ཡོད་ལ།
ཡང་ན་ཁྱེད་ཀྱི་འཁོར་འདས་དང་ལྷན་དུ་འཛད་ཀྱིན་ཡོད།

ཁྱེད་ཨང་།   གང་ཞིག་ནས་འདི་ལྟར་སྟེ་དབང་གིས་རྙེད་ཅིང་།
འདོར་མི་ཐུབ་པའི་ཡིད་དབུས་སུ་ཡང་ཡང་འཕགས་དུས།
ང་ལ་ལྷགས་པ་ནི།  སུ་ཞིག་གི་ཁ་ཆད་ཀྱི་ཡིག་ཆུང་དང་།
མིག་ཆུས་བརླན་པའི་བྱུང་བརྗོད་ཀྱི་ཤོག་ལྷེ་ཞིག

སྟོང་སང་སང་གི་ལག་ཟུང་ཅི་ཙམ་རྒྱང་དུ་བསྲིངས་ཀྱང་།
ཁྱེད་ནི་ངའི་དྲན་པ་འཛིན་བྱེད་ཀྱི་ཐག་པ་སྦོམ་པོ་དེའོ།
དགུན་དུས་ཀྱི་ལྷགས་རླུང་རལ་གྲི་ལྟར་རྩུབ་ཀྱང་།
ཁྱེད་ནི་ངའི་སེམས་པ་སྲོ་བྱེད་ཀྱི་མེ་འོད་ཟླུམ་པོ་དེའོ།

གངས་ཏི་སེ་ནས་མ་ཕམ་གཡུ་མཚོ།
རྨ་འབྲི་གཙང་བོ་ནས་རྒྱལ་མོ་རྔུལ་ཆུ།
ཡོད་ཚད་འུ་གཉིས་སྦྲེལ་བྱེད་ཀྱི་ལྟེ་ཐག་དམར་པོ་མིན་ནམ།

ཇི་ལྟར་རྒྱང་དུ་སོང་ནའང་།
དེ་ལྟར་ཉེ་སར་བཅར་ཡོང་བའི་ཁྱེད།
སུ་ཞིག་གིས་ཐེག་དཀའ་བའི་རྡོག་ཁྲེས་ཡིན་སྲིད།
ཕྲག་གོང་ནས་ཇི་ལྟར་མནན་ཡང་རྔུལ་ཆུ་མི་ཡོང་བའི་ང་།
སེམས་ཁོང་ནས་ཇི་ལྟར་དྲན་ཡང་མིག་ཆུ་མི་བཞུར་བའི་ང་།
དེ་རིང་ཁྱེད་ཁོ་ནའི་བཞུད་ལམ་ལ་ཅེར་ཡོད།

དྲན་སྣང་རྨི་ལམ་ལས་འགོ་བརྩམས་ཤིང་།
སྐྱོ་བ་ནང་སེམས་ནས་མཇུག་བསྲིངས་དུས།
སྒེའུ་ཕྱི་རོལ་ན་འཛུམ་པའི་ཚེ་སྲོག་ལྗང་གུ་དེ།
ང་རང་ཡིན་ཆོག་པར་ཞུ།

ཁྱེད་ཨང་།
གང་ཞིག་ནས་འདི་ལྟར་སྟེ་དབང་གིས་འབྲེལ་ཅིང་།
སྙིང་དབུས་སུ་ཡང་ཡང་འཕག་བྱུང་བའི་ཁྱེད།
བདག་གི་དུས་གསུམ་དང་རྨི་ལམ་གང་རུང་ལ་ཁུར་དགོས་པའི།
ལན་ཆགས་དང་བུ་ལོན་གྱི་ཁ་དོག་ཡིན་སྲིད།

༢༠༡༣   ༡༢   ༡༥ཉིན་བྲིས།

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading