སྙན་ངག་གི་རྒྱལ་ཁམས།

གངས་དཔལ།

ཁྱོས་རྐང་རྗེས་ཀྱིས་སུབ་པའི་རི་གླུའི་ཁུག་གི།
མཁར་གྱོ་ཐོག་གི་སྲུབས་ཀར་མེ་ཏོག་སྐྱེས་བྱུང་།།
དབྱར་འཇམ་མཉེན་གྱི་རླུང་ལ་རྒྱང་ཉན་གནང་ཚེ།།
དུས་དེང་སང་ཡང་སྙན་པའི་བུ་ལོན་འཁོར་ཡོང་།།
ལོ་དེ་དུས་ཀྱི་འདོ་བར་ཁ་རྔོག་ལྡེམ་མེར།།
སྤང་སེར་པོའི་ཁུག་དྲན་ཤིང་བཞག་པ་བདེན་ན།།
ཞེ་སྨྲེང་པ་ཡི་རི་ཆེན་ཁངས་སྐྱས་མནན་ཏེ།།
སྟོད་ཁིས་དཀར་གྱི་ལབ་ཙེ་མཐོང་ཐབས་མི་འདུག།
ང་སྣང་སྟོང་གི་མཚོ་མོར་ཁྲུས་སུ་ཞུགས་དུས།།
ཕྲུག་མཐེབ་བརྒྱ་མའི་ཆུ་ལྭ་ཅམ་ལ་བརླིང་བྱུང་།།
གོས་བེར་ཆེན་ནང་ང་རང་ལྟོང་མོ་འགེངས་པ།
ཁྱོའི་ཡུལ་སྲོལ་དུ་ཞེན་པའི་གཡུ་ཐིག་མིན་ནམ།།
ངའི་མཐོང་ལམ་དུ་སྤྲིན་གྱི་སྙན་ཤལ་འཐེན་དུས།།
ལུག་ཚེར་དཀར་གྱིས་རམ་དཀར་ཁྲོམ་ཁྲོམ་ཟས་བྱུང་།།
ས་ཨ་ཆེན་གྱི་གནམ་སར་ཡངས་དོག་རན་པ།།
རྡོ་གཡའ་མ་ཡིས་གྲུབ་པའི་གཞིས་ཁྱིམ་འདིར་སྣང་།།
ང་གཞོན་དུས་ཀྱི་སྣང་བའི་རྨི་ལམ་ཞིག་ཏུ།།
དགའ་སྐྱ་ལོ་ཡི་སེང་ལྕམ་འབྲུག་མོར་མཐུན་ཆེ།།
དཔོན་སྟག་རོང་གི་རྨོག་འཛར་དུམ་བུར་བཅད་པ།།
གླིང་གེ་སར་ལ་སྡང་བའི་སད་མདའ་མིན་ནམ།།
གླག་རོག་མོ་ཡིས་བྱིད་པོ་མགོ་དམར་བདའ་སྒང་།།
དགུང་ཆུ་སྤྲིན་ནང་དུས་ཐོག་ཆར་བ་བབས་བྱུང་།།
ཟླ་དྲུག་པ་ཡི་ཙད་ཆེན་རྨོངས་བག་བགྱིས་འདི།།
ཁྱོའི་ཤེས་རབ་ལས་སྐྱེས་པའི་སྙིང་རྗེ་མིན་ནམ།།
ཐང་ཤོག་སྐྱ་འདྲའི་ཁུད་དུ་སྣ་བུག་ཧར་བའི།།
རྟ་གོམ་ཆེན་ལ་སྟག་ཤིང་སྒ་ཆ་འཕྲོད་ལེར།།
སྤང་བསྙེག་འདོད་ཀྱི་མིག་ཟུང་བེའུ་ཁྱུར་ཕྱོགས་དུས།།
སྐྱོ་ལྷང་ལྷང་གི་གནའ་གླུ་རྨ་ཆུ་མིན་ནམ།།
སྟེང་གཡོན་ཟུར་ནས་འོག་གི་གཡས་ཟུར་མཐོང་བའི།།
ལྷ་ཝེར་མ་ཡི་འགྲོས་ཆེན་སིང་སིང་ཁྲོབ་ཁྲོབ།།
སེམས་གཉུག་མ་ཡི་ལོ་འདབ་དཀྱུས་བཞིན་རྒྱས་དུས།།
སྡུག་འཁོར་བ་འདི་བར་དོའི་ཁ་ན་སྐྱེས་འདུག།
ངའི་འཇོག་མེད་ཀྱི་བསམ་པའི་སྨན་གཡོགས་བརྫེས་ན།།
ལོ་དར་བབས་ཀྱི་དུས་སུ་འོ་བརྒྱལ་མྱངས་བཞག།
ཁྱོའི་རེ་སྒུག་གིས་ལོ་སྣེ་ལོ་མཐུད་བྱས་པ།།
ཁྱོའི་ཚངས་དབྱངས་སུ་བཀུག་པའི་ལྟ་མགུར་ཡིན་འདུག།
ང་ཐེང་ཐེང་དུ་ལུ་བའི་མཚན་སྟོད་ཞིག་ལ།།
གོས་ཚ་རུ་ལས་འཇམ་པའི་ཝ་ཐུལ་ནང་དུ།།
ལྷ་དབྱངས་ཅན་མའི་སྤྱན་གྱི་གློག་ཞགས་བསྩལ་བ།།
ཁྱོད་ཞི་འཇམ་གྱིས་གླན་པའི་ཤ་དྲོད་རེད་འདུག

༢༠༡༥ལོའི་ཟླ་དྲུག་པའི་ནང་།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s