གཟུངས་ཕྱུག་སྐྱིད་ཀྱི་སྙན་ངག་ཚན་པ་གཉིས།


 ལམ་དུ་བཞུད་པ།

གཟུངས་ཕྱུག་སྐྱིད།

དུས་ཚོད་བྲེལ་སྟོབས་ཀྱིས་བཞུར་གྱིན་འདུག
ཕྱིར་མི་ལྡོག་པའི་ལམ་དུ་བཞུར་གྱིན་འདུག
ངའི་ཡིད་ངོས་སུ་འཁྱིལ་བའི་དགའ་སྡུག་གི་ཚོར་བ་མཐའ་དག་ཀྱང་།
འདི་ལྟར་ཁ་དོག་ལྟར་བཞུར་བཞིན་འདུག

གལ་ཏེ་མི་ཡུལ་འདིར་སོང་ཆོག་ཆོག་གི་བགྲོད་ལམ་ཞིག་ཡོད་ན།
ང་རང་སྐར་ཆ་རེ་རེ་ནང་དུའང་རང་ཉིད་མོས་སའི་ལམ་དེར་བཞུད་འདོད།
མི་ཡུལ་འདིའི་མངར་སྐྱུར་ཁ་གསུམ་གྱི་འཚོ་བའི་ངོ་གདོང་མཐའ་དག་རུམ་སྟེ།
ལམ་དེ་རུ་ཞི་འཇགས་ཁོ་ནས་བཞུད་ཆོག་ཨང་།

ཡིན་ཡང་བདག་གིས་ཅི་ཡང་རྙེད་མ་བྱུང་།
ཐ་ན་རྨི་ལམ་དུ་ཡང་རྙེད་མ་བྱུང་།

འདི་ལྟར་ལོ་ཟླའི་རུམ་ཁ་ནས་རྙེད་པའི་བྱུང་བ་མཐའ་དག
དུས་ཚོད་དང་སྐར་ཆའི་བར་ནས་ཕངས་སེམས་ལྟར་བཞུར་ཡོང་དུས།
ངས་ལྗང་མདོག་གི་རྩྭ་ཐང་དང་དེའི་ཞོགས་པ་དྲན་བྱུང་།
མིག་ཆུ་སྐམ་པའི་སྐྱོ་སྣང་གི་གཏིང་རིམ་ནས།
ང་ཡི་དུས་ཚིགས་དང་གཙང་བོ་ཡང་དྲན་བྱུང་།

ཡིད་དབུས་ན་གཏན་དུ་འཁྱིལ་བའི་ཚེ་སྲོག་གི་རོལ་དབྱངས།
འདི་ལྟར་སེམས་ཀྱི་སྙི་ས་དང་ཤ་རུས་ཀྱི་ཟབ་སར་འཐིམ་དུས།
ང་ལ་ཁ་དོག་མི་འདུག  མིག་ཆུ་ཡང་མི་འདུག
རོ་གཅིག་གདངས་གཅིག་གིས།
རང་ཉིད་ཁོ་ནའི་ལམ་དུ་བཞུད་ཀྱིན་འདུག

2016 1 25ཉིན།


སྐྱེ་འཆིིའི་བར་ནས།

 

དབྱར་དགུན་རེ་རེ་དུས་ཚིགས་ཀྱི་བརྗེ་རེས་ཙམ་རེད།
སྐྱེ་འཆི་ཟེར་བ་ཡང་སྔ་ཕྱིའི་གོ་རིམ་ཞིག་གོ
བར་གླགས་འདི་ལས་ངས་ཅི་ཞིག་བཙལ་འོས།
སྙིང་གི་ཚ་དྲོད་དང་སྲོག་གི་ལྗང་མདོག་ཡོད་ཚད་ནི།
ཚད་མེད་དུ་བཞུར་བའི་ནང་སེམས་ཀྱི་ཁ་དོག་འདྲ།

བདག་གིས་ཤེས་ཏེ་མི་ཡུལ་འདིར་ཚེ་སྲོག་གི་དྲོད་ཁོལ་ཡོད་པས།
འདི་ལྟར་རྨི་ལམ་རེ་རེ་འོད་དུ་འཚེར་ཚུལ་རྟོགས།

དེ་ལྟ་ན་འང་ཁེར་རྐྱང་གི་བྱེ་ཐང་བརྒལ་བའི
རྩོལ་བ་མཐའ་དག
ཁ་ཕྱོགས་མ་འདྲ་བའི་ལས་དབང་ལ་ཡང་ཡང་འཐམ་པ།
ལྷ་ཆེན་གྱིས་སུ་ལ་གནང་བའི་བཀའ་ཆད་ཡིན་ནམ།

བདག་གི་ནམ་མཁའ་དང་ས་གཞི་ཆེན་པོ་ཡ།
ད་ནི་བྱ་ཆེན་གྱིས་ཟིན་དུ་མེད་པའི་དུས་ཀྱི་གཙང་བོ་ཞིག་ཡོད་ན།
ང་རང་དེ་རུ་ལྗང་མདོག་གིས་འཁྱིལ་དུ་འཇུག་རོགས།
རེ་བ་དང་རྨི་ལམ་མ་ཚར་བའི་བར་སྟོང་དེ་རུ།
ང་རང་ལྷོད་འཇགས་སེ་གཉིད་དུ་འཇུག་རོགས།
རྨི་ལམ་དང་མིག་ཆུ་མཐའ་དག་འོད་དུ་བཀྲམ་སྟེ།
རང་ཉིད་བསྐྱར་དུ་འཚོལ་བའི་སྟ་གོན་ལ་ཞུགས་འདོད།

༢༠༡༦  ༡  ༡༥ཉིན་བྲིས།

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s