གངས་ལྗོངས་ཁུ་བྱུག་སྔོན་མོ།  བདུད་བྷེ་ལགས།

གཞིས་ཀ་ནུབ་ཀུན་བཟང་སྒྲོལ་མ།

གཟི་བརྗིད་ཀྱིས་འགྱིང་བའི་གངས་རིའི་མི་ཁྱུད།
རྔམ་བརྗིད་ཀྱིས་བཞུར་བའི་གཙང་བོའི་རླབས་རྒྱུན།
ད་དུང་།  རྩྭ་ཐང་དང་མེ་ཏོག  རྟ་མཆོག་དང་ལུག་ཁྱུ།
གནས་དེ་ནི་གླུ་གར་གྱི་རྒྱ་མཚོ་རེད་ལ།
གནས་དེ་ནི་སྒྱུ་རྩལ་གྱི་ཕ་ཡུལ་རེད།

ད་དུང་གནས་དེ་ནི།
མཐོ་སྒང་སྒྱུ་རྩལ་གྱི་རྒྱལ་བོར་གྲགས་ཞིང་།
མཚན་སྙན་འཛམ་གླིང་ལ་ཁྱབ་པའི་གླུ་བ།
ཁྲོ་ཁོའི་བདུད་འདུལ་རྡོ་རྗེའམ་བདུད་བྷེ་སྟེ།
གངས་ལྗོངས་ཁུ་བྱུག་སྔོན་མོའི་ཕ་ཡུལ་རེད།

གྲོགས་པོ་ལགས། ཁྱེད་ཀྱིས་ཤེས་སམ།
བདུད་བྷེ་གངས་ལྗོངས་ནས་སྐྱེས་ཤིང་གླུ་སྐད་འཛམ་གླིང་ལ་ཁྱབ།
བདུད་བྷེ་མི་ཡུལ་ནས་བཞུད་ཅིང་གླུ་སྐད་བོད་ཡུལ་དུ་བཞག

ངོ་མ།  བདུད་བྷེའི་གླུ་སྐད་རེ་རེས། རྩྭ་ཐང་གི་དགོད་སྒྲ་གསོས་ཤིང་།
བདུད་བྷེའི་གླུ་སྐད་རེ་རེས། ཞིང་གྲོང་ལ་རེ་བ་བསྐྲུན་མྱོང་།

གངས་ལྗོངས་ཀྱི་སྟག་ཤར་རེ་རེ།
བདུད་བྷེའི་རིགས་ཞེན་གྱི་དབྱངས་རྟའི་ཁྲོད་གཉིད་ལས་སད་ཅིང་།
མཐོ་སྒང་གི་སྨན་ཤར་རེ་རེས།
བདུད་བྷེའི་སྐུལ་སློང་གི་གླུ་ཚིག་ཁྲོད་ནས་མདུན་ལམ་རྙེད།
དེའི་ཕྱིར།  བདུད་བྷེ་ནི་གངས་ལྗོངས་ཀྱི་དཔྱིད་དཔལ་ཡིན་ལ།
བདུད་བྷེ་ནི་བོད་ཡུལ་གྱི་དུང་སྒྲ་ཡིན།

ང་ཚོ་བདུད་བྷེའི་གླུ་སྐད་ཁྲོད་དུ་འཚར་ལོངས་བྱུང་ཞིང་།
ང་ཚོ་བདུད་བྷེའི་སྐད་ངག་ཁྲོད་ནས་ལམ་ལ་བསྙེགས།

གངས་ལྗོངས་ཀྱི་ཁུ་བྱུག བདུད་བྷེ་ལགས།
ཁྱེད་ཀྱི་སྙན་འཇེབས་དོན་ཟབ་ཀྱི་གླུ་སྐད་རེ་རེས།
ང་ཚོ་ལ་འཚོ་བའི་ཁ་ཕྱོགས་བསྟན་ཞིང་།
ཁྱེད་ཀྱི་བཅོས་མིན་དྭངས་གཙང་གི་འགྱུར་ཁུག་རེ་རེས།
ང་ཚོ་ལ་མི་གཤིས་དང་རྨི་ལམ་བསྩལ་བྱུང་།

ཐུགས་རྗེ་ཆེ། ཁུ་བྱུག་ལགས།
ཁྱེད་ཀྱིས་གངས་ལྗོངས་སུ་སྒྱུ་རྩལ་གྱི་མཛེས་སྡུག་བསྐྲུན་སོང་།
ཁྱེད་ཀྱིས་བོད་ཡུལ་དུ་སྔར་མེད་ཀྱི་ལམ་བུ་བཏོད་སོང་།

ང་ཚོའི་བྱིས་དུས་ཀྱི་ཕྱིར་དྲན་རེ་རེ།
ཁྱེད་ཀྱི་གླུ་སྐད་ཁྲོད་ནས་ག་ལེར་རྙེད་ཅིང་།
ང་ཚོའི་ཕ་ཡུལ་གྱི་ལོ་ཟླ་རེ་རེ།
ཁྱེད་ཀྱི་དབྱངས་རྟའི་ཁྲོད་ནས་རིམ་བཞིན་མཐོང་བྱུང་།

གངས་ལྗོངས་ཀྱི་ཁུ་བྱུག་སྔོན་མོ། བདུད་བྷེ་ལགས།
ཁྱེད་ཀྱི་འདས་མ་ད་གསུམ་དཀྲོལ་ལེན་སྒྱུ་རྩལ་ལ་ཐིམ་ཞིང་།
ཁྱེད་ཀྱི་འདས་མ་ད་གསུམ་བོད་མིའི་ལ་རྒྱ་ལ་བཅོལ་ཡོད་།

གླུ་དབྱངས་དང་དཀྲོལ་ལེན།  ཁྱེད་ཀྱི་མི་ཚེ་ཡིན་ལ།
ཆིག་སྒྲིལ་དང་ལ་རྒྱ།  ཁྱེད་ཀྱི་རྩོད་ལེན་ཡིན།

མཐོ་བའི་གངས་རི་དང་། ཡངས་པའི་རྩྭ་ཐང་།
དམའ་བའི་ཞིང་གྲོང་དང་། སྙོམས་པའི་རོང་ཁུལ།
ད་དུང་། རིང་བའི་དགོན་པ་དང་། ཉེ་བའི་སློབ་གྲྭ་སོགས།

ཁྱེད་ཀྱི་གླུ་སྐད་ཀྱིས་བོད་ཡུལ་ཡོངས་རྫོགས་གཅིག་ཏུ་བསྡུས་ཡོད་ལ།
ཁྱེད་ཀྱི་གླུ་སྐད་ཀྱིས་མཐོ་སྒང་ཧྲིལ་བོ་ལྷོད་ཀྱིས་ཁེངས་ཡོད།
བདུད་བྷེ་ལགས།  འདི་ནི་ཁྱེད་ཀྱི་མི་ཚེའི་བྱུང་རིམ་ཡིན་ལ།
འདི་ནི་ཁྱེད་ཀྱི་མི་ཚེའི་གྲུབ་འབྲས་ཀྱང་ཡིན།

བོད་ཡུལ་ནི་ཁྱེད་ཀྱི་སྒྱུ་རྩལ་གྱི་གར་སྟེགས་ཡིན་པས།
བོད་མི་རྣམས་ཁྱེད་ཀྱི་ཁུ་བྱུག་སྐད་ངག་ལ་དགའ་ཞིང།
བོད་ཡུལ་ནི་ཁྱེད་ཀྱི་སྐྱེས་སའི་ཕ་ཡུལ་ཡིན་པས།
བོད་མི་རྣམས་ཁྱེད་ཀྱི་འགྱུར་མེད་ལ་རྒྱ་ལ་དུངས།
མདོར་ན། བོད་ཡུལ་ནི་ཁྱེད་ནི་ཡོད་ཚད་ཡིན་པས།
བོད་མི་རྣམས་ཁྱེད་ཀྱི་ཡོད་ཚད་ལ་དགའ།

གངས་ལྗོངས་ཁུ་བྱུག་སྔོན་མོ། བདུད་བྷེ་ལགས།
ཁྱེད་རང་འཇིག་རྟེན་འདི་ནས་བཞུད་ཟིན་ན་ཡང་།
ཁྱེད་ཀྱི་གླུ་སྐད་ང་ཚོའི་སེམས་ལ་བསྐལ་བར་གནས་ངེས།
ཁྱེད་རང་མི་ཡུལ་འདི་ནས་ཆས་ཟིན་ན་ཡང་།
ཁྱེད་ཀྱི་མཚན་སྙན་ལོ་རྒྱུས་ཀྱི་རི་མོར་གཏན་དུ་བརྐོས་ཡོད།

བདེ་བར་བཞུད་ཅིག བདུད་བྷེ་ལགས།
བདེ་བར་ཕེབས་ཤིག གངས་ལྗོངས་ཁུ་བྱུག་སྔོན་མོ་ལགས།
ང་ཚོས་ཁྱེད་ལ་ཡིག་དྲུག་གི་སྐྱེལ་མ་བྱེད་བཞིན་ཡོད།
ང་ཚོས་ཁྱེད་ལ་རེ་སྨོན་གྱི་གསོལ་འདེབས་སྐུར་བཞིན་ཡོད།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d