གཟི་དང་འབྲེལ་བའི་ཐ་སྙད་འགའ་ལ་དཔྱད་པ།

གཟི་ལམ་རིག་གནས་ལས་གཟི་དང་འབྲེལ་བའི་ཐ་སྙད་འགའ་ལ་དཔྱད་པ།

ཚངས་དབང་དགེ་འདུན་བསྟན་པ།


དང་པོ།   གཟི་བྱ་བའི་མིང་གི་ཐོག་མའི་གོ་དོན་དང་འབྱུང་ཁུངས་སྐོར།

       གཟི་བྱ་བའི་མིང་འདི་བོད་སྐད་རྙིང་མ་རང་མཚན་པ་ཞིག་ཡིན་པའི་རྒྱུ་མཚན་ནི།   གནའ་དེང་གི་བོད་ཀྱི་གླེགས་བམ་ཡིག་ཚང་ཁག་ལས་གཟི་དང་འབྲེལ་བའི་ཐ་སྙད་དུ་མ་ཞིག་ད་ལྟའི་བར་མངོན་སུམ་དུ་མཐོང་རྒྱུ་ཡོད་ཅིང་།   དེ་དག་ལས་རྒྱུན་སྤྱོད་ཀྱི་ཐ་སྙད་གཟི་དང་།  གཟི་བརྗིད། གཟི་བྱིན། གཟི་མདངས། གཟི་དཔལ་སོགས་ནི་བོད་ཡིག་གི་དཔེ་ཆ་རྣམས་སུ་ཐང་མ་བདལ་བ་བཞིན་དུ་གང་སར་མཐོང་རྒྱུ་མཆིས་པ་མ་ཟད། ད་ལྟའི་བར་ཁ་ནས་ཀྱང་དེ་ལྟར་འབོད་བཞིན་པ་ཚང་མས་མཁྱེན་གསལ་ལྟར་རེད། ཞང་བོད་སྐད་གཉིས་ཤན་སྦྱར་གྱི་དག་ཡིག་ཁག་ལས་གཟི་ལ་ཞང་སྐད་དུའང་གཟི་ཞེས་འཁོད་ཡོད།

          དེས་ན་ཞང་ཞུང་གི་གནའ་སྐད་དུ་ཡང་གཟི་བྱ་བར་འབོད་བཞིན་པ་ཤེས་ནུས། གཞན་ནེ་པཱ་ལའི་ཤཱཀྱ་མི་རིགས་སོགས་ནེ་པཱ་ལའི་མི་རིགས་མང་པོ་ཞིག་གིས་ཀྱང་གཟི་ཞེས་འབོད་པ་དང་། པར་སིག་གི་སྐད་དུ་སི་གཟི་དང་། ཨ་ལ་པེའི་སྐད་དང་ཞིན་ཅང་གི་ཡུ་གུར་མི་རིགས་བཅས་མི་རིགས་དང་རྒྱལ་ཁབ་མང་པོ་ཞིག་གིས་ཀྱང་གཟི་ལ་ཏུའུ་གཟི་ལྟ་བུ་ཞིག་གི་སྒྲ་ལྟར་འབོད་པ་འདི་ཡང་བོད་སྐད་ཀྱི་གཟིའི་སྒྲ་གདངས་ཕར་ཟུར་ཆག་པར་གསལ་ལོ། འོ་ན། བོད་སྐད་ཀྱི་གཟི་ཞེས་པའི་མིང་གི་གོ་དོན་དངོས་ནི་དབང་ཐང་དང་སྟོབས་ཤུགས་ལ་གོ་ཞིང་། དེ་ལྟར་གོ་བའི་རྒྱུ་མཚན་ཡང་གོང་དུ་འཁོད་པའི་གཟི་བརྗིད་དང་།   གཟི་བྱིན།    གཟི་མདངས།   གཟི་དཔལ་བཅས་ཀྱི་ཐ་སྙད་ནང་དོན་ཁག་ལ་གཞིགས་ན་ཤེས་ཐུབ་བོ།།

        བོད་ཡིག་གི་ཚིག་མཛོད་ཁག་ལས།   གཟི་ནི་རིན་པོ་ཆེའི་རིགས་ཤིག་སྟེ་ཟེར་བ་ཙམ་ལས་ནང་དོན་ཞིབ་གསལ་གྱིས་འགྲེལ་བཤད་གནང་བ་མེད། གཡུང་དྲུང་གར་མའམ་ཀརྨ་པ་སོགས་ཀྱིས་བརྩམས་པའི་《ནོར་བུ་གཟིའི་རྣམ་བཤད་འཇིག་རྟེན་དགེ་བ》ལས། སྔོན་ཚེ་གངས་ཅན་རི་ཡི་འདབས།  ། ལྷ་ཆེན་དབང་ཕྱུག་སོ་སོར་ཏཱ། ། ལྕམ་གཅིག་བྲ་ཡི་སྒྲོན་མ་གཉིས། ། ཏི་སེ་གངས་ཀྱི་རི་བོ་ལས། ། གཟི་ཞིག་གཟིགས་པས་གཟིགས་ཞེས་བཏགས།། བྷན་ཏ་ཧོར་གྱི་རྒྱལ་པོ་དང་། ། གེ་སར་དམག་གི་རྒྱལ་པོ་གཉིས། ། མ་འཆམ་ཡུན་རིང་འཐབ་པའི་རྗེས།  །འདུམ་པའི་བར་བ་བོད་ཀྱིས་བགྱིས།   ། གཟུ་རྟེན་བཞག་པས་གཟུ་ཡང་ཟེར།  ། ཞང་ཞུང་གཟི་མ་འཕྲུལ་ཡག་གིས། ། བཟོས་པས་གཟི་ཞེས་ཟེར་ཡང་སྐད། ། ①ཅེས་འཁོད་ཡོད་ཅིང་། ཚིགས་བཅད་དང་པོའི་ནང་དོན་ལྟར་ན་། ལྷ་ཆེན་དབང་ཕྱུག་ཡབ་ཡུམ་གཉིས་ཀྱིས་གངས་ཏི་སེའི་རི་འདབས་ནས་ནོར་བུ་གཟི་ཞིག་གཟིགས་པས་གཟིགས་ཞེས་བཏགས་བྱ་བ་ལ་དཔགས་ན། གཟི་ནི་གཟིགས་ཀྱི་སྒྲ་ལས་བྱུང་བར་བཤད། གོང་གི་ནང་དོན་དེ་ཐད་ཀྱིས་བལྟས་ན་དགོད་བྲོ་བའི་གཏམ་རྒྱུད་ཙམ་ལས་ཅི་ཡང་མེད་ཀྱང་། འོན་ཏེ། ཞིབ་ཏུ་དཔྱད་ན་ཚིག་དོན་དེ་ནི་གཟི་བྱ་བའི་མིང་གི་ཐོག་ནས་གོ་དོན་མི་མངའ་ཡང་གཟི་ཡི་རིག་གནས་ཐད་ནས་བཤད་ན་ཆེས་གནད་འགག་ཅིག་རེད། རྒྱུ་མཚན་ནི། ལྷ་ཆེན་ཡབ་ཡུམ་དང་། གངས་ཏི་སེ་ནི་ཞང་ཞུང་གི་རིག་གནས་ཡོད་ཚད་ཀྱི་འབྱུང་ཁུངས་ལྟ་བུ་ཡིན་པས། ནང་དོན་རྡོག་རྡོག་འདིའི་ཤུགས་ན་གཟི་ནི་ཞང་ཞུང་གི་ཐོན་རྫས་ཤིག་ཡིན་པའི་རྒྱུ་མཚན་བསྟན་ཡོད།   ཚིགས་བཅད་གཉིས་པའི་ནང་དོན་ནི།    བྷན་ཏ་ཧོར་གྱི་རྒྱལ་པོ་དང་གེ་སར་དམག་རྒྱལ་་་ གཉིས་འཐབ་པ་ལ་བོད་ཀྱིས་གཟུ་བྱས་པའི་རྟེན་དུ་ནོར་བུ་བཞག་པས་གཟུ་ཞེས་ཟེར་པ་ལ་གཞིགས་ན།   གཟི་ཞེས་པ་ནི་གཟུ་ལས་ཐོགས་པར་བཤད།  བྷན་ཏ་ཧོར་རྒྱལ་ནི་གནའ་བོའི་དུས་སུ་མཚོ་སྔོན་དང་ཞིན་ཅང་བཅས་སུ་གནས་པའི་ཧོར་པ་སྤྱི་ལ་གོ་ཞིང་།    གེ་སར་དམག་གི་རྒྱལ་པོ་ནི་གླིང་གེ་སར་དང་། པར་སིག་གམ་དབྱི་ལང་དང་། རྒྱ་ནག་གི་ཀོན་ཡུས་ཁྲང་གི་དམག་ལ་གོ་བ་སོགས་བཤད་ཚུལ་མང་ཡང་སྐབས་འདིར་དབྱི་ལང་ལ་གོ་དགོས་པར་མངོན། གང་ལྟར་ཚིག་འདིས་གནའ་དུས་སུ་བོད་ཀྱིས་རྒྱལ་ཁམས་དེ་དག་ལ་གཟི་མང་པོ་བྱིན་ཏེ་འབྲེལ་བ་བཙུགས་ཡོད་པར་བསྟན། མཐའ་མའི་ནང་དོན་ལས་འཁོད་པའི་ཞང་ཞུང་གཟི་མ་འཕྲུལ་ཡག་བྱ་བ་དེ་སུ་ཡིན་པ་ད་ཕན་བདག་གིས་ཡིག་ཚང་དག་ལས་མ་རྙེད་པས་རེ་ཞིག་དཔྱད་ཐབས་བྲལ།  ཡིན་ན་ཡང་།  ནང་དོན་འདི་ལས་ཀྱང་གཟི་ནི་ཞང་ཞུང་པ་ཞིག་གིས་བཟོས་པ་དངོས་སུ་བསྟན་ཡོད། མདོར་ན་གོང་འཁོད་ཀྱི་ནང་དོན་ཁག་ལས་ང་ཚོས་རྟོགས་ཐུབ་པ་ཞིག་ནི་གཟི་ནི་བོད་སྐད་རྣལ་མ་ཡིན་པ་མ་ཟད་ཞང་ཞུང་ངམ་མངའ་རིས་ཡུལ་ནས་བཟོས་པའི་གནས་ཚུལ་གསལ་བོར་བསྟན་ཡོད་དོ།།


གཉིས་པ།  གཟི་ཡི་མིང་བརྡ་འདི་བོད་ཡིག་ཏུ་དུས་ནམ་ཞིག་ལ་དར་བའི་སྐོར།

      སྤྱིར་ན་གཟི་བྱ་བའི་ཡི་གེ་འདི། བོད་ཡིག་སྟེང་དངོས་སུ་སྤྱོད་པའི་དུས་རབས་དེ་ནམ་ཞིག་ཡིན་མིན་གསལ་ཐག་ཆོད་པའི་བདེན་དཔང་ད་ལྟ་ཁ་ཚོན་ཆོད་ནས་བརྗོད་དཀའ་ཡང་། འོན་ཏེ། དེང་སང་དངོས་མཐོང་བདེན་གསལ་དུ་གྱུར་བའི་ཡིག་ཚང་རྣམས་སུ་འཁོད་པའི་གཟི་ཡི་མིང་བརྡའི་ཐོག་ནས་དུས་རབས་ནམ་ཞིག་ལ་དར་བའི་ལོ་རྒྱུས་རགས་རྩིས་ཤིག་རྟོགས་ངེས་པས་དེ་ལྟར་དུ་བཤད་རྩིས་ཡོད། མ་མཐོང་ཕྱིར་ན་མེད་པ་མིན། ཞེས་རིགས་ལམ་ཉི་ཚེ་བ་ཙམ་ལ་ཤི་འཐམ་སྤར་འཐམ་བྱས་ནས་བདེན་པའི་བྱ་དངོས་ཅི་ལ་ཡང་རྟོག་དཔྱོད་མི་བགྱི་བ་ནི་གནའ་དཔྱོད་རིག་པའི་ལམ་མ་ཡིན་པས། ཐོས་བ་བརྒྱ་ལས་མཐོང་བ་གཅིག་ལྷག་གི་རིག་པ་ལ་བརྩོན་པར་བྱ། སྐབས་འདིའི་གཟི་ཡི་ཡི་གེ་བྱ་བའི་ཡི་གེ་ནི་དབྱངས་གསལ་གཉིས་ཀྱི་རྩོམ་གཞིར་གྱུར་བའི་སྐད་ཀྱི་གདངས་མཚོན་བྱེད་ཀྱི་གཟུགས་དབྱིབས་ལ་གོ་བ་ལས། སྔ་རབས་ཚོས་བཞག་པའི་ཡི་གེའི་མཚན་ཉིད་དང་མི་འདྲ་སྟེ། རླུང་ཁམས་པ་ཚོས་དོན་མེད་དུ་སྲོག་རླུང་མི་ལྡང་བར་ཞུ། འདི་ནས་གཤམ་དུ་གནའ་རབས་བོད་ཀྱི་ཡིག་རྙིང་རྣམས་སུ་འཁོད་པའི་གཟི་ཡི་ཡི་གེའི་སྐོར་ལ་དཔྱད་བསྡུར་བྱ་སྟེ། དེ་ཡང་བོན་གྱི་སྟོན་པ་གཤེན་རབས་མི་བོ་ཆེས་གསུངས་ཤིང་། ཁོང་གི་གདུང་སྲས་དཔྱད་བུ་ཁྲིད་ཤེས་སོགས་ཀྱིས་བཀའ་བསྡུ་བྱས་པའི་《གསོ་རིག་འབུམ་བཞི་》ལས།   ཕུང་བོའི་མདངས་གསུམ་ཡལ་བ་གསོ་མི་རུང་།   །མིག་གི་མདངས་ཡལ་གཟི་དང་འདྲ།   ། ②ཞེས་འཁོད་ཡོད་པ་འདི་ལས་གཟི་བྱ་བའི་མིང་བརྡ་དངོས་སུ་བསྟན་ཡོད། 《གསོ་རིག་འབུམ་བཞི》འདི་སྟོན་པ་གཤེན་རབས་ཀྱི་གསུང་ཡིན་མིན་མཁས་པ་ཚོར་ལྟ་ཚུལ་མང་དུ་མཆིས་པ་མི་ཚད་སྟོན་པ་གཤེན་རབས་ཀྱི་འཁྲུངས་འདས་ལོ་ཚིགས་སྐོར་ལའང་བཞེད་པ་མི་གཅིག་པ་མང་དུ་མཆིས་པས། མཐའ་གཅིག་ཏུ་དུས་རབས་གཏན་འཁེལ་བྱེད་པ་ལ་དཀའ་ཁེག་ངེས་ཅན་ཞིག་ལྡན་ཡང་། ངེད་ཀྱིས་ནི་སྟོན་པ་གཤེན་རབས་ཁོང་སྤྱི་ལོ་སྔོན་གྱི་༡༨༣༤ལོར་འཁྲུངས་པར་འདོད་པའི་ལྟ་ཚུལ་འཛིན་མཁན་ཡིན་ཕྱིན།  《གསོ་རིག་འབུམ་བཞི》་ཡང་སྐབས་དེའི་ཡས་མས་ཤིག་གི་ཡིན་པར་འདོད་དོ།  སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་《བཀྲ་ཤིས་བརྩེགས་པའི་མདོ་》ལས། གཟི་མིག་དྲུག་ལག་གདོང་སྨེ་ཅན། ③ཞེས་བཀྲ་མི་ཤིས་པའི་རྟགས་སུ་གཟི་མིག་བྱ་བ་གསུངས་ཡོད་ཅིང་། མཁས་པ་ལ་ལས་《བཀྲ་ཤིས་བརྩེགས་པའི་མདོ》་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་གསུང་མིན་པར་བཞེད་མཁན་ཡང་ཡོད། ཡིན་པའི་གཞིར་བཞག་གིས་བཤད་ན་མ་མཐའ་ཡང་ལོ་ངོ་སྟོང་ཕྲག་གཉིས་དང་ལྔ་བརྒྱའི་ཡར་སྔོན་ཞིག་ནས་གཟི་འདི་བེད་སྤྱོད་གཏོང་གི་ཡོད་པ་ཤེས་ཐུབ། སངས་རྒྱས་ཤཱཀྱ་ཐུབ་པས་《བཀྲ་ཤིས་བརྩེགས་པའི་མདོ》་ལེགས་སྦྱར་སྐད་ནས་གསུངས་པ་ཡིན་ན།  ལེགས་སྦྱར་སྐད་དུ་གཟིའི་མིང་ལ་དྲོཧརི་དང་མེ་ཙ་ཀཾ་ཟེར་ཞིང་།    ཤཱཀྱའི་སྐད་དང་ཞང་ཞུང་སྐད།   ལི་ཡུལ་སྐད་བོད་སྐད་གང་ཡིན་ཡང་གཟི་ཞེས་པའི་སྒྲ་གདངས་བོད་སྐད་ལྟར་ཡིན་པས། དེས་ན་《བཀྲ་ཤིས་བརྩེགས་པའི་མདོ》་འདི་སྐད་རིགས་གང་ཞིག་གི་འགྱུར་ཡིན་པ་ད་དུང་བརྟག་དགོས་བར་འདུག སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་《གསོ་ཐབས་བདུད་རྩི་བུམ་ཆེན་གྱི་སྐོར་ལས་འཆི་མེད་བདུད་རྩི་བུམ་པ་རྩ་བའི་རྒྱུད་བཞུགས་སོ་》བྱ་བ་ལས། སྐྲངས་པའི་སྟེང་དུ་གཟི་རྙིང་གིས།   །དབུར་བས་སླར་སྐྲངས་ཡིན་པར་ངེས།། ④ཞེས་འཁོད་ཡོད་ཅིང་། གཟི་རྙིང་ནི་གཟིའི་དོན་ཡིན་པ་དེའུ་དམར་དགེ་བཤེས་ཀྱིས་མཛད་པའི་《ཤེལ་གོང་ཤེལ་ཕྲེང》་སོགས་སྨན་གཞུང་འགའ་ཞིག་ཏུ་ཡང་གསལ་བོར་བཀྲལ་ཡོད། གཞན་《རྙིང་མ་རྒྱུད་འབུམ》་གྱི་མ་མོ་སྲིད་པའི་བེམ་ལས་གཟིའི་སྐོར་མང་དུ་གསུངས་པ་དང་། 《བཀའ་ཐང་སྡེ་ལྔ་》ལས་རྒྱལ་པོ་བཀའི་ཐང་ཡིག་ཏུ། མ་འོངས་རྒྱལ་བརྒྱུད་ནོར་སྐལ་ཇི་ལྟར་སྦས་ཚུལ་བྱ་བའི་སྐབས་སུ་ཡང་གཟི་མང་པོ་ར་ས་དང་བསམ་ཡས་སོགས་སུ་གཏེར་རྒྱབ་ཡོད་པའི་ལོ་རྒྱུས་གསལ་བ་དང་། 《ཏུན་ཧོང་ཡིག་རྙིང་གི་གཏམ་རྒྱུད》་ལས་ཀྱང་། ངར་གླུད་མགོ་ལ་སྐྲ་མེད་ན།  །རྦབ་སེར་བྱ་སྤུ་མགོ་ཡི་སྐྲ།  །ངར་གླུད་དབྲལ་ན་མིག་མེད་ན། །སྤུ་གཟི་ཁྲ་བོ་བལྟ་བའི་མིག །འགྲོན་བུའི་འཐོང་བཤད་ཚེམས་སུ་བགྱིས། ། ⑤ཞེས་གཟི་ཡི་ཐ་སྙད་གསལ་བ་དང་། 《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་》བྱ་བ་ལས། ཐོག་བཟའ་དཔའ་མོ་ཐང་། ཕྱག་ན་ཟངས་ཀྱི་གཟེ་མ་གཟི་ཆོད་བསྣམས། ⑥ བྱ་བ་དང་། ཡང་《མགོན་པོའི་བྱུང་ཚུལ་གཏོ་ཕུག་ནག་པོ》ལས།  རི་རབ་རི་ཡི་རྩེ་མོ་ནས། །རྣམ་པར་རྒྱལ་བའི་ཁང་བཟང་ན། ། ལྷ་ཡི་དབང་བོ་བརྒྱ་བྱིན་ལ།  །དགོས་འདོད་ཡོན་ཏན་འདི་དག་ཡོད།  །ཆོས་བཟང་ལྷ་ཡི་ཁང་བཟང་དང་།  །ཨ་མོ་ལི་ཀའི་རྡོ་ལེབ་དང་། །དཔག་བསམ་ལྗོན་ཤིང་ལོ་རྒྱས་དང་།  །ནོར་བུ་རིན་ཆེན་གཟི་འབར་དང་།  ། ⑦ཞེས་གོང་འཁོད་ཀྱི་ནང་དོན་ཁག་ལས་གཟི་དང་འབྲེལ་བའི་གནས་ཚུལ་དུ་མ་ཞིག་བརྗོད་ཡོད་པ་དེ་དག་མང་ཤས་ནི་དུས་རབས་བརྒྱད་པ་ནས་དགུ་བའི་སྐབས་ཀྱི་བརྩམས་ཆོས་དང་བསྒྱུར་རྩོམ་ཡིན་ཕྱིན།  མ་མཐའ་ཡང་ལོ་ངོ་སྟོང་གཅིག་དང་ཉིས་བརྒྱ་ཡར་སྔོན་ཞིག་ནས་བོད་ཡིག་སྟེང་གཟི་ཡི་ཡི་གེ་འདི་དངོས་སུ་བེད་སྤྱོད་གཏོང་གི་ཡོད་པ་ཤེས་ཐུབ་པ་དང་། སྒོས་སུ་《མགོན་པོའི་བྱུང་ཚུལ་གཏོ་ཕུག་ནག་པོ》་ལས། ནོར་བུ་གཟི་ཡོད་ས་ནི་ལྷའི་དབང་བོ་བརྒྱ་བྱིན་གྱི་བཞུགས་གནས་རྣམ་པར་རྒྱལ་བའི་ཁང་བཟང་ཡིན་པར་བཤད་པ་དེ་ཡང་ཧ་ཅང་གི་དོན་གནད་ཅན་གྱི་ཚིག་ཅིག་རེད།   རི་རབ་ཀྱི་རྩེ་མོ་ནི་གངས་རིན་པོ་ཆེ་ལ་གོ་བ་དང་། རྣམ་པར་རྒྱལ་བའི་ཁང་བཟང་ཡང་གངས་རིན་པོ་ཆེའི་ཉེ་སར་ཞིག་ཏུ་ཡོད་པར་བཤད་པ་མ་ཟད། ཏཱ་ར་ནཱ་ཐའི་རང་རྣམ་དུ་དེ་ནི་སྤྱིར་བཏང་གི་རྫོང་ཀ་ཞིག་ཡིན་པར་གསུངས། ⑧ དེས་ན་དོན་དུ་བརྗོད་བྱ་དེའི་ཤུགས་སུ་གཟི་ཡི་ལྟེ་བ་ནི་གངས་རིན་པོ་ཆེའི་ཉེ་སར་ཞིག་ཡིན་པ་བསྟན་ཡོད།   གཞན་ཕྱིས་སུའང་གཟིའི་སྐོར་བཀོད་ཡོད་པའི་བསྟན་བཅོས་མང་ཡང་ཡོངས་སུ་གྲགས་པ་རྣམས་ནི། 《པདྨ་བཀའ་ཐང》་དང་།   《ཨ་གྲགས་གཟི་རྫོང་》། གཡུང་དྲུང་གར་མ་སོགས་ཀྱིས་བརྩམས་པའི་ནོར་བུ་གཟིའི་རྣམ་བཤད་འཇིག་རྟེན་དགེ་བ་དང་།   ཟུར་མཁར་བ་མཉམ་ཉིད་རྡོ་རྗེའི་《གཟི་བཟོ་ཐབས》། 《འཇིགས་མེད་གླིང་པའི་གཏམ་ཚོམས》། དེའུ་དམར་གྱི་《ཤེལ་གོང་ཤེལ་ཕྲེང་》། ཁང་གསར་བསྟན་པའི་དབང་ཕྱུག་གི་《རིན་པོ་ཆེའི་བཤད་པ》་སོགས་མང་དུ་མཆིས་ཀྱང་སྐབས་འདིར་རེ་རེ་ནས་མི་སྤྲོ་བར་བྱའོ།།


གསུམ་པ།  དཀར་ཁྲ་མེན་ནམ་སྐར་ཁྲ་མན་དང་།  ཁྲ་མོ།  འཕྲ་མེན་བཅས་ཀྱི་སྐོར།

       དེ་ཡང་དཀར་ཁྲ་མེན་ནི།      གཟི་རང་ལ་ངོས་འཛིན་པ་དང་ཡང་ན་གཟིའི་བྱེ་བྲག་ཅིག་ལ་གོ་བ་ལེན་པ་བཅས་ངོས་འཛིན་སྟངས་མི་འདྲ་སྟེ།  ཁམས་ཕྱོགས་གོ་འཇོ་ས་ཁུལ་དུ་དཀར་ཁྲ་མེན་ཟེར་སྐབས་ཡོངས་གྲགས་སུ་ར་ཤི་མིག་རྡོག་བྱ་བ་དེ་ལ་གོ་ཞིང་།   ཡུལ་ཤུལ་ཕྱོགས་སུ་གཟི་ར་ཁྲ་རིང་ཟེར་བ་དེ་ལ་ངོས་འཛིན་བྱེད་ཀྱིན་འདུག     འདི་ལ་ཡི་གེ་འབྲི་སྟངས་མི་འདྲ་བ་ཅི་རིགས་ཤིག་མཆིས་ཏེ།   གཡུ་ཐོགས་པའི་《རྒྱུད་བཞི》་ལས།ནད་པའི་སྲུང་བ་རིང་སྲེལ་དཀར་ཁྲ་མེན།   ⑨ ཞེས་འཁོད་ཡོད་པ་དང་།    དཔྱད་བུ་ཁྲིད་ཤེས་ཀྱིས་བསྒྲིགས་པའི་《གསོ་རིག་འབུམ་བཞི》་ལས།  ནད་པའི་བསྲུང་བ་རིལ་སྲེལ་སྐར་ཁྲ་མན། ⑩ བྱ་བ་དང་།    དགའ་བའི་རྡོ་རྗེའི་《འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་》དུ།   སྡེ་སྲིད་ཀྱི་《བཻ་སྔོན》ནང་། དཀར་ཁྲ་མན་ཞེས་ ⑪བྲིས་ཡོད་པར་བཤད་ཀྱང་། འོན་ཏེ། སྡེ་སྲིད་ཀྱི་《མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》་ཏུ།  དཀར་ཁྲ་མེན་གྱི་འབྲས་སྐྱོགས་གསུམ་ཞེས་རྒྱུད་བཞི་ལས་འཁོད་པ་དང་གཅིག་གོ། ⑫《ཏུན་ཧོང་གི་ཡིག་རྙིང་》ཁག་ཅིག་ཏུ། སྤུ་གཟི་ཁྲ་བོ་བལྟ་བའི་མིག ⑬ཅེས་ཁྲ་བོ་བྲིས་པ་དང་། 《ནོར་བུ་གཟིའི་རྣམ་བཤད》་ལས། གནའ་རབས་དག་གིས་ཁྲ་མོ་ཟེར་ ⑭ཞེས་ཁྲ་མོ་བྲིས་པ་དང་།   བཙན་པོའི་དུས་ཀྱི་ཡིག་རྙིང་རྣམས་སུ་སྐབས་ལ་རེར་འཕྲ་མེན་བྲིས་ཡོད་པའང་མཐོང་སྟེ།    དགེ་རྒན་ཆེན་མོ་གཉའ་གོང་ལགས་ཀྱིས་སྒྲིག་རྩོམ་བྱས་པའི་《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》་བྱ་བ་ལས། སྲས་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ། ཤོག་བུ་མཐིང་ག་ལ་གསེར་གྱིས་བྲིས་ཏེ་འཕྲ་མྱེན་གྱི་སྒྲོམ་བུར་བསྩལ།    ⑮ ཅེས་འཁོད་ཡོད་པ་སོགས་འདི་ལ་ཡི་གེ་འབྲི་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང་དོན་དུ་གཟི་ལ་བཤད་པ་ངེས་པར་དུ་གསལ་ལོ།།   དཀར་ཁྲ་མེན་ལ་སྤྱིར་བཏང་ཁྲ་མེན་ཟེར་ཞིང་།   ཡིག་ཚང་ལ་ལར་གཟི་རྡོ་དེ་དཀར་ཁྲ་མེན་གྱི་མིང་གཞན་ཡིན་པར་བཤད།  དམངས་ཁྲོད་དུ་མིག་ཞར་བལྟ་ཅན་ལ་གཟི་ལོག་ཅེས་འབོད་པའི་རྒྱུ་མཚན་ཡང་དཀར་ཁྲ་མེན་འདིའི་དབྱིབས་དང་མདོག་ལ་བརྟེན་ནས་མིང་འདོགས་བྱུང་ཞེས་གྲགས་པ་དེ་ཡང་བདེན་ནམ་སྙམ།  དཔེ་རྙིང་ཁག་ཏུ་ཁྲོ་བོ་འཇིགས་སུ་རུངས་པའི་སྤྱན་དཔེར་བརྗོད་པའི་སྐབས་སུ་གཟི་མིག་ཅེས་བྲི་བ་དང་། གཟི་རང་གི་མིག་བཤད་པའི་དུས་སུ་ཆུ་མིག་ཅེས་འཁོད་པ་དང་འབོད་པ་བཅས་ལ་དཔགས་ནའང་ཤེས་ནུས། དེའུ་དམར་གྱི་《ཤེལ་གོང་ཤེལ་ཕྲེང་》དུ།   གཟི་རྙིང་དང་དཀར་ཁྲ་མེན་གཉིས་ཀྱི་མིང་དོན་སོ་སོར་བཀྲལ་ཡོད་ནའང་དེ་གཉིས ཀྱི་ནུས་པ་གཅིག་མཚུངས་ཡིན་པ་བསྟན་ཡོད།   དེས་ན་འདིའི་སྐོར་ཅུང་ཞིབ་ཕྲའི་སྒོ་ནས་དཔྱད་བརྗོད་གནང་ཡོད་པ་ནི།   དགའ་བའི་རྡོ་རྗེའི་《འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་》བྱ་བ་དེ་ཡིན་པས།  གཤམ་དུ་དེར་འཁོད་པའི་ནང་དོན་གནད་བསྡུས་བརྗོད་པར་བྱ།  ཁྲ་མན་ནི།  同心环状玛瑙   འདི་ལ་《བཻ་སྔོན》་དུ་དཀར་ཁྲ་མན་ལ་མིང་བཅུ་གཉིས་འདིར་གཅིག་ལ་ངོས་འཛིན་མང་ཡང་འཁྲུལ་མེད་གཟི་མིག་དགུ་བ་དེ་ཡིན་པས་སྟེང་གདོན་སྲུང་ཞེས་གཟི་རང་དུ་ངོས་འཛིན་གནང་།  འོན་ཀྱང་།《ཤེལ་ཕྲེང》་དུ།   གཟིའི་རྒྱུ་ལས་རི་མོ་སྔོ་དཀར་དམར་སོགས་མ་ངེས་ཞིག་ཡོད་ལ་རིགས་གཅིག་ནི་གཟི་ནག་ཁྲ་འགྱུར་མིག་དགུ་བ་ཡིན་པར་བཤད།  ཅེས་གཟི་དངོས་རང་མ་ཡིན་པར་ངོས་འཛིན་གནང་།   དེང་དུས་ཡོངས་གྲགས་ཁྲ་མན་ཞེས་པ།     རང་ལྗོངས་ཀྱི་ནག་ཆུའི་བྱང་ཐང་དང་།   ཨ་མདོ་དང་།   ཤན་རྫ་སོགས་ནས་ཐོན་པ།    དེང་གཟི་རྡོར་གྲགས་པ་སྟེ་ངོ་བོ་སྲ་ཞིང་མཁྲེགས་པ།   དབྱིབས་དང་ཆེ་ཆུང་ངེས་མེད།    ཁ་དོག་སྔོ་སྐྱ་དང་།   འོ་ཁ།    ཁམ་སྐྱ་ལ་སོགས་པ་ལ། ཆུ་རིས་དཀར་པོ་ཕྱི་ནང་རིམ་པ་མང་པོའི་ཆགས་རིམ་ལྟ་བུ་ཡོད་པ།  དཔེ་རིས 7པ་ལྟ་བུ་གྲུབ་ཆ་གཙོ་བོ་ཡིན་ཞིང་།  སྲ་ཚད་6.5-70དང་། བསྡུར་ལྗིད་ཁེ་2.6.7ཡོད་པ།   སྲ་ཞིང་མཁྲེགས་ལ་ཕལ་ཆེར་རྡོ་སྲུབ་མེད་ཅིང་།  འཐིབ་ལ་ཅུང་ཟད་དྭངས་པའི་ཉམས་ཅན།   ཤེལ་རིགས་ཕལ་ཆེར་གཅོད་པར་ནུས་པ། ལྕགས་བརྡབ་པས་མེ་འབྱུང་བ་བཅས་སོ།། འདི་ལ་གཟི་རྡོ་ཞེས་པའི་རྒྱུ་མཚན་ཀྱང་འདི་ཉིད་ངོ་བོ་མཆོང་གི་རིགས་ཡིན་པ་དང་གཏེར་དངོས་རྫས་འགྱུར་རིག་པས་བརྟག་ཞིབ་བྱེད་སྐབས། འདིའི་ནང་གཟི་ལ་ཡོད་པའི་གྲུབ་ཆ་ལས་རྣམ་གྲངས་བཅུ་གཅིག་ཙམ་འདུག་ཅེས་གསལ་འབྱེད་བྱས་པ་དང་།    ཁྲ་མན་གཟའ་ནད་འབྱུང་བོའི་གདོན་ཀུན་ཐུབ་ཅེས་པ་དང་།    གཟི་རྙིང་གཟའ་ཡི་ནད་དང་གདོན་གཟེར་འཇོམས། མཆོང་དང་མརྒད་དག་ཀྱང་དེ་བཞིན་ནོ།།   ཞེས་པས།     གང་ཐད་ནས་དཔྱད་ཀྱང་ནུས་པ་མཐུན་པར་བརྟེན།    སྨན་དུ་སྦྱར་སྐབས་གཟིའི་ཚབ་བམ།     བོང་སྐྱེད་ཙམ་དུ་བཏང་བས་མི་འགལ་བར་དགོངས་པས་སོ།།    ཁ་ཅིག་གིས་རང་བྱུང་གི་མཆོང་གཟི།     ཁྲ་དང་རི་མོ་སྣ་ཚོགས་ཡོད་པ་དང་།    གཟི་ར་མིག་ལ་སོགས་ལ་ཁྲ་མན་མཛད་པའང་ཡོད་པས་མི་འཐད་པ་མེད་དོ།།   གང་ལྟར་ཡང་དུག་འདོན་སོགས་རིན་ཆེན་སྤྱི་ལྟར་བྱ། ⑯ཞེས་གོང་འཁོད་ཀྱི་ནང་དོན་དེ་དག་ལས་གཟི་དང་དཀར་ཁྲ་མེན་གཉིས་ཕྱོགས་གང་ཐད་ནས་གཅིག་མཚུངས་ཡིན་པ་གསལ་བཤད་བྱས་ཡོད་ཅིང་། སྒོས་སུ་སྡེ་སྲིད་ཀྱིས་བསྒྲིགས་པའི་《རྒྱུད་བཞིའི་བྲིས་ཆ་མཐོང་བ་དོན་ལྡན》་བྱ་བ་རུ།   གཟི་ཆུ་མིག་དགུ་བའི་དཔེ་རིས་ཀྱི་གསལ་བཤད་དུ་དཀར་ཁྲ་མེན་ཞེས་བྲིས་ཡོད་པ་དེར་ བལྟས་ནའང་གཟི་དང་དཀར་ཁྲ་མེན་གཉིས་དོན་གཅིག་ཡིན་པ་ཤེས་ཐུབ་པ་དང་།   གཞན་《ནོར་བུ་གཟིའི་རྣམ་བཤད་འཇིག་རྟེན་དགེ་བ》་ཞེས་པ་ལས།    གནའ་རབས་དག་གིས་ཁྲ་མོ་ཟེར།། ད་ལྟ་ཡོངས་གྲགས་གཟི་ཞེས་འབོད།  །⑰ཅེས་དཀར་ཁྲ་མོ་དང་གཟི་གཉིས་གནའ་དེང་གི་སྐད་ཆའི་ཁྱད་པར་ཙམ་ལས་ནང་དོན་གཅིག་ཡིན་པར་བཤད།  འཕྲ་མེན་ནི།  དགེ་རྒན་ཆེན་མོ་གཉའ་གོང་ལགས་ཀྱིས།    འཕྲ་མེན་གྱི་སྒྲོམ་བུའི་མཆན་འགྲེལ་དུ།   ཕྲེ་མེན་ནམ་ཁྲ་མན་ཞེས་ཀྱང་བྱ་སྟེ།    གསེར་དངུལ་སོགས་རིན་པོ་ཆེས་བགྱིས་པའི་སྒྲོམ་བུ་ཕྲ་ཅན་ཞིག་གམ།    རི་མོ་སྔོ་དམར་དཀར་གསུམ་ཅན་གྱི་གཟི་ཡིན་སྐད།   ⑱ཅེས་འཕྲ་མེན་གཟི་ཡིན་པར་བཤད་པའང་རྒྱུ་མཚན་ངེས་ཅན་ཞིག་མཆིས་ཏེ།    《བཀའ་ཐང་སྡེ་ལྔ》་དང་《ཀློང་ཆེན་ཆོས་འབྱུང》་རྣམས་སུ།   བཀའ་བརྒྱད་བཤད་པའི་སྐབས་སུ། དྲག་སྔགས་ཀྱི་གཟི་སྒྲོམ་ཞེས་གཟི་ཡི་སྒྲོམ་བུ་ཡོད་པར་བཤད་པ་དང་། གཟི་སྒྲོམ་གྱི་ཐོབ་ཐང་དང་དེའི་ཁྱད་ ཆོས་གང་འདྲ་ཡིན་པ་སོགས་ཞིབ་ཕྲའི་གནས་ཚུལ་བརྗོད་ཡོད་པ་ད་ཕན་བདག་གིས་མཐོང་མ་མྱོང་ཡང་། 《ཐང་ཡིག་གསར་རྙིང་》རྣམས་སུ་སི་སི་ཞེས་པ་དོན་གྲུབ་རྒྱལ་སོགས་ཀྱིས་གཡུ་རུ་བསྒྱུར་ཡོད་ཅིང་།⑲   གཞི་གང་ལ་བརྟེན་ནས་དེ་ལྟར་དུ་བསྒྱུར་བ་ད་དུང་བརྟག་དགོས་པ་ཞིག་    འདུག      དེ་ཅིའི་ཕྱིར་ཞེ་ན།     རྒྱ་ཡིག་གི་སི་སི་བྱ་བ་ནི་བོད་ཡིག་གི་གཟི་ཞེས་པའི་སྒྲ་གདངས་ཕར་ཟུར་ཆག་པ་ ཡིན་ལ། དེས་ན་སི་སི་བྱ་བ་བོད་སྐད་དུ་གཟིའི་ཡི་གེ་དང་ཡང་ན་ཁྲ་མན་གྱི་ཡི་གེ་རུ་བསྒྱུར་ན་དོན་དངོས་ཀྱི་གནས་ཚུལ་དང་མཐུན་པ་ཞིག་རེད།  གོང་འཁོད་ཀྱི་གནས་བབ་དེ་དག་ལ་དཔྱད་ན་ཁྲ་མན་དང་འཕྲ་མེན་བཅས་ནི་གཟི་ལ་གོ་བ་མ་ཟད་ ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་དམིགས་བསལ་གྱི་ ཁྱད་ཆོས་དག་ཀྱང་ཅུང་ཟད་ཤེས་ནུས་མོད། འདིར་རྒྱས་པར་མི་སྤྲོ་བར་བྱའོ།།   མདོར་ན་གོང་དུ་བཤད་པའི་དཀར་ཁྲ་མེན་དང་།   སྐར་ཁྲ་སྨན།   འཕྲ་མེན། ཁྲ་མོ། ཁྲ་བོ་ཁྲ་ཆུང་། ཕྲ་མན་བཅས་ནི་གདམ་ང་དང་ཟུར་ཆག ཡུལ་སྐད་བཅས་ཀྱི་ཁྱད་པར་ཙམ་ལས་དོན་དུ་དེ་ཀུན་གཟི་ལ་བཤད་པ་མངོན་སུམ་ཚད་མས་གྲུབ་བོ།། དེང་སང་དཀར་ཁྲ་མེན་ཟེར་སྐབས་ཚོང་བ་མང་ཤོས་ཀྱིས་ར་ཤི་མིག་རྡོག་གམ་ ནོར་བུ་བྱི་མིག་བྱ་བ་དེ་ལ་ངོས་འཛིན་བྱེད་ཅིང་། ཡུལ་ཤུལ་ཕྱོགས་སུ་གཟི་ར་ཁྲ་རིང་ལ་གོ་བ་སོགས་ཡུལ་དུས་ཀྱི་བར་བརྒལ་དང་གོ་བབས་མི་འདྲ་བའི་གནས་ཚུལ་རྣམས་སྐབས་དོན་གྱིས་ཤེས་དགོས་སོ།།  ནང་ཆེན་ཕྱོགས་སུ་ཁ་དཔེ་ལ།   དཀར་ཁྲ་མན་གཟི་ལས་དགུ་སྐོར་ཡིན། ཅེས་དཀར་ཁྲ་མན་གཟི་དགུའི་རིན་ཐང་ལས་ཆེ་བར་བཤད་པའི་ཚིག་ལ་བརྟགས་ན་གཟི་དང་དཀར་ཁྲ་མེན་གཉིས་ སོ་སོར་ཡིན་པའི་ནང་དོན་ཞིག་མཆིས་ཀྱང་། དེ་ནི་སྨན་སྦྱོར་གྱི་ནུས་པའི་སྐབས་སུ་བཤད་པའི་ཚིག་དོན་ཡིན་པས། སྤྱིར་བཏང་ གི་གཟི་རྡོ་དམན་པའི་རིགས་ལ་བལྟོས་ནས་དེ་ལྟར་བརྗོད་པ་ཡིན་ནམ་སྙམ།   གཞན་《དུང་དཀར་ཚིག་མཛོད》་ལས།    ཕྲ་མེན་ནི།   གསེར་དང་དངུལ་སྤེལ་ནས་བཟོས་པའི་དངོས་རིགས་སྟེ།  དཔེར་ན།  ཐང་གི་གོང་མས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་ཕུལ་བའི་ཕྱག་རྟགས་ནང་ཕྲ་མེན་གྱི་ཞྭ་ཞེས་གསལ་བ་ལྟ་བུ་ཡིན། ⑳ ཞེས་འཁོད་ཡོད་ཅིང་། དེ་ནི་《ཐང་ཡིག་གསར་རྙིང་》སོགས་སུ་བཤད་པའི་ནང་དོན་ལྟར་ཡིན་པར་གསལ་ཡང་། འོན་ཀྱང་། ལོ་རྒྱུས་དཔེ་ཆ་དེ་དག་ལས་འཁོད་པའི་ཕྲ་མེན་བྱ་བ་ནི་གསེར་དངུལ་གྱིས་བཟོས་པའི་དངོས་ཆས་སྟེང་གཟི་དང་གཡུ་སོགས་ཀྱིས་ཕྲ་བཏབ་པ་ལ་ཟེར་བ་ལས་གསེར་དངུལ་གྱིས་བཟོས་པའི་ཅ་ལག་ལ་བཤད་པ་མིན། གཙོ་བོ་ཕྲ་ལ་བཤད་པ་ཡིན།  དེ་ལྟར་ཡིན་མིན་《ཐང་གི་ལོ་རྒྱུས》་དང་《རྒྱལ་རབས་གསར་བ་ལྔའི་ལོ་རྒྱུས》་སོགས་ལ་གཟིགས་དང་ཤིན་ཏུ་གསལ་ལོ།།


བཞི་བ།  ཆུ་མིག་གམ་འགྱུར་མིག ཁྱུང་མིག་བཅས་ཀྱི་སྐོར།

        གཟི་དང་འབྲེལ་བའི་ཡིག་ཚང་རྙིང་བའི་ཁག་ཏུ།  མིག་ཡོད་པའི་གཟིའི་རིགས་ལ་ཆུ་མིག་གམ་འགྱུར་མིག་ཟེར་བ་ལས་གཟི་མིག་ཅེས་འཁོད་ཡོད་པ་ཧ་ཅང་ཉུང་ལ།   གཟིའི་ཆེད་ལས་ཚོང་པ་དང་མཁས་པ་རྣམས་དེང་སང་ཡང་གཟི་མིག་ཅན་ལ་ཆུ་མིག་ཅེས་འབོད་པ་དང་།  མིག་གཅིག་ཅན་ལ་ཆུ་མིག་དང་པོ་ཟེར་ཞིང་། མིག་གཉིས་ཅན་ལ་ཆུ་མིག་གཉིས་པ།  དེ་བཞིན་དུ་མིག་དགུ་ཅན་ལ་ཆུ་མིག་དགུ་བ་ཞེས་གོང་ལྟར་མཚུངས།  ཕྱིས་སུ་བརྩམས་པའི་གཟིའི་སྐོར་གྱི་དཔེ་ཆ་ལ་ལར་གཟི་མིག་བྱ་བའི་ཐ་སྙད་འདི་བེད་སྤྱོད་བཏང་ཡོད་པ་མཐོང་མྱོང་ཡང་།   དེ་ནི་གཟི་ལ་རྒྱུས་མེད་པ་དང་ཡང་ན་དཔེའི་སྒོ་ནས་དོན་གཞན་ཞིག་སྟོན་པའི་སྐབས་ ཡིན་པ་ལས།    གཟི་རང་གི་མིག་བཤད་པའི་དུས་སུ་ཆུ་མིག་བྱ་བ་མངོན་གསལ་རེད།  དེས་ན་དེ་ལྟར་དུ་བརྗོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན།  དམངས་ཁྲོད་དུ་གཟི་མིག་ཟེར་དུས་མིག་ཞར་བལྟ་ཅན་ནམ།  ཡང་ན་མིག་གི་རྒྱལ་མོར་སྐྱོན་གྱིས་བསླད་པ་ཞིག་ལ་གོ་སྟེ། 《བཀྲ་ཤིས་བརྩེགས་པའི་མདོ》་ལས།   གཟི་མིག་ལག་དྲུག་གདོང་སྨེ་ཅན།  །21ཞེས་བཀྲ་མི་ཤིས་པའི་རྟགས་སུ་གཟི་མིག་བྱ་བ་འཁོད་ཡོད་པ་དང་། 《བོན་གྱི་བརྟེན་འགྱུར་ཆེན་མོའི》་ནང་།   སྨོན་རྒྱལ་པདྨ་རྒྱལ་པོའི་ཡང་སྲིད་གཡུང་དྲུང་བསྟན་པ་དབང་རྒྱལ་གྱིས་མཛད་པའི་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི་སྐྱེས་རབས་རྣམ་བཤད་ནོར་བུའི་ཕྲེང་བ་བྱ་བ་ལས།  སྐྲ་ནི་རྩིད་པ་གནམ་གཟེངས་འདྲ་བ།  མིག་ནི་གཟི་ཟླུམ་མེ་ཤོར་འདྲ་བ།   22ཞེས་ངན་ལྟས་སུ་བཤད་ཡོད་པའི་རྐྱེན་གྱིས་སོ།།  འོ་ན་ཆུ་མིག་ཅེས་པའི་གོ་དོན་ལ་བཤད་ཚུལ་མང་སྟེ།  ཟངས་དཀར་རྫོང་གི་ཐོས་རྒྱ་ཅན་དཔལ་མོ་ལགས་ཀྱིས་བཤད་པ་ལྟར་ན།  གཟི་ནང་ནས་མཆོག་ཏུ་གྱུར་བ་ནི།  ཆུ་སྤྲིན་ཟེར་བ་གཟི་དཀར་གྱི་སྟེང་ལ་མིག་མཆིས་ཤིང་།     ཉི་འོད་ཀྱི་ཕྱོགས་སུ་འཁོར་ཚེ་གཟི་གསེང་དུ་མིག་ཡོད་པ་དེ་ལ་སྤྱིར་བཏང་ཆུ་མིག་བྱ་བར་བརྗོད།  23ཅེས་ཆུ་མིག་ནི་ཆུ་གཟིའི་རིགས་ལས་ཐོགས་པར་བཤད།   གསེར་རྟ་རྫོང་གི་ཚོང་བ་བཤད་སྒྲུབ་སོགས་ཀྱིས། གཅོད་པ་པ་རྣམས་ཆུ་མིག་བརྒྱ་རྩ་འགྲིམས་སྐབས་གཅོད་འུར་ཆུ་མིག་དགུ་སྒྲིལ་ཞིག་ལུས་སྟེང་དུ་བསྣམས་དགོས་ཤིང་། གཅོད་འུར་ཆུ་མིག་དགུ་སྒྲིལ་དང་གཟི་ཆུ་མིག་དགུ་བ་གཉིས་ཀྱི་ནང་དོན་དང་མཚོན་བྱེད་ཧ་ལམ་གཅིག་མཚུངས་ཡིན་པས།  དེས་ན་དེ་འདྲ་ཞིག་གི་ཆ་ནས་བཏགས་པ་ཨེ་ཡིན་སྙམ། 24ཞེས་ཟེར་ཞིང་། འདི་ལྟར་ན་ཆུ་མིག་བརྒྱ་རྩ་དང་འབྲེལ་བ་ཡོད་པར་བཤད།   གོ་འཇོ་བ་རིན་ཆེན་བསམ་འགྲུབ་སོགས་ཀྱིས།   ཆུ་མིག་བྱ་བ་ལ་རྒྱུ་མཚན་ངེས་ཅན་ཞིག་མེད་པས།    ཁྱུང་མིག་ཅེས་པ་ཡིན་པར་འདོད།  དེ་ལྟར་འདོད་པའི་རྒྱུ་མཚན་ནི་ཁྱུང་འདི་ཀླུ་གཟའ་གཉན་སོགས་ཀྱི་ཁ་གནོན་བྱེད་ པའི་གཉེན་པོ་ཡིན་ཞིང་།  ཁྱུང་མིག་གི་དབྱིབས་སམ་རྣམ་པའི་རིན་པོ་ཆེ་ལུས་སྟེང་དུ་འདོགས་ན། དེ་དག་དང་འབྲེལ་བའི་ནད་ཡམས་འབྱུང་མི་སྲིད་པར་མངོན།    25 ཞེས་པ་ལྟར་ན་ཆུ་མིག་བྱ་བ་ནི་ཁྱུང་མིག་ལས་བྱུང་བར་འདོད་པ་སོགས་བཤད་ཕྱོགས་མང་ངོ་།། འབྲོག་ཡུལ་གྱི་རྒན་རྒོན་ཚོས་ཆུ་མིག་ཅེས་ཤོད་སྐབས་ཁྱུང་མིག་གི་སྒྲ་གདངས་ལྟར་ཀློག་གིན་ཡོད་པས། དེ་ལ་བསམ་ན་ཁྱུང་མིག་ཅེས་པ་ལའང་རྒྱུ་མཚན་ཅུང་ཟད་མཆིས་སམ་སྙམ། གཞན་ཁྱུང་སྐྱུགས་བྱ་བ་ཁྱུང་གིས་སྦྲུལ་ཟོས་པ་ལས་བྱུང་བར་གྲགས་པའི་རིན་པོ་ཆེ་དེ་ནི་གཟིའི་ནང་ནས་མཆོག་ཏུ་གྱུར་བ་ཡིན་པར་བཤད་པ་དང་།

      ལ་ལས་གཟི་འདིའི་འབྱུང་ཁུངས་དངོས་ནི་ཞང་ཞུང་ནས་ཡིན་ཞིང་།     ཞང་ཞུང་ལ་བོད་སྐད་དུ་ཁྱུང་ཟེར་བ་ཡིན་ལ།   དེས་ན་ཁྱུང་མིག་བྱ་བ་ནི་གཟི་འབྱུང་སའི་གནས་ཡུལ་གྱི་ཆ་ནས་འདོགས་པ་ཞིག་ཨེ་ཡིན་ཞེས་ཀྱང་ཟེར། འོ་ན་དོན་དངོས་ཀྱང་དེ་འདྲ་ ཡིན་ནམ་ཞེ་ན། ངེད་ཀྱིས་ནི་གོང་འཁོད་ཀྱི་ནང་དོན་བཞིན་དུ་མི་འདོད་དེ། ཆུ་མིག་བྱ་བ་ནི་ཆུ་བུར་མིག་ཅེས་པའི་བསྡུས་མིང་ཡིན་ལ། མིག་དང་ཆུ་མིག་གཉིས་དོན་གཅིག་མིང་གི་རྣམ་གྲངས་སོ།། གནའ་བོའི་ལོ་རྒྱུས་ཡིག་ཚང་རྣམས་སུའང་ཆུ་མིག་ཅེས་འཁོད་ཡོད་པ་ལས་ཁྱུང་མིག་བྱ་བ་ཧ་ལམ་གཅིག་ཀྱང་མེད། 《རྙིང་མ་རྒྱུད་འབུམ》་དུ།    མ་མོ་སྲིད་པའི་བེམ་ནང་།  སྟག་སོ་རིགས་གཉིས་ཆུ་མིག་རིགས་གཉིས།   བྱ་བ་དང་།   ཡང་དེ་ཉིད་ལས།  ཉི་ཟླའི་ཐོད་ཕྲེང་ཅན་ལ་དབུལ།   སྟག་སོ་ཆུ་མིག་བསྒྲིལ་མ་རིས།  །མཁར་ཐབས་ཉི་ཟླ་སྟོང་ལ་གུར།  །ཞེས་བ་དང་། ཟུར་མཁར་བ་མཉམ་ཉིད་རྡོ་རྗེའི་《གཟི་བརྟག་ཐབས》་ལས།   རི་མོ་འཁོར་ཐབས་རིས།  ཆུ་མིག་རིས།  བྱ་བ་དང་།  ནམ་མཁའི་ནོར་བུའི་ཞང་བོད་ཏི་སེའི་འོད་ལས།  གཟིའི་རྣམ་པ་ལ་ནར་མོ་དང་རིལ་བོ་གཉིས་ཡོད་ཅིང་།   ནར་མོའི་རིགས་ལ་ཆུ་མིག་ཅེས་པའི་ཐིག་རིས་དང་།    27ཞེས་པ་ནས།  གཟིའི་རིགས་ཆུ་མིག་ཅི་ཙམ་མང་བ་དེ་བང་ཚད་ཀྱང་ཆེ་བ་ཡིན་སྟབས་རིན་ཐང་ཡང་ཆེ་བར་བརྩི་ཞིང་། ལྷག་པར་དུ་ཆུ་མིག་གི་གྲངས་སུ་ཡ་ཅན་འབྱུང་བ་དཔེར་ན།   ཆུ་མིག་གསུམ་པ་དང་།  ལྔ་བ།  བདུན་པ།  དགུ་བ།   བཅུ་གཅིག་པ་རྣམས་ལ་མཐོང་ཆེ་བར་བྱེད།    26ཅེས་པ་དང་།  གཞན་གཟིའི་རྣམ་བཤད་འཇིག་རྟེན་དགེ་བ་སོགས་གཟི་དང་འབྲེལ་བའི་ཆེད་རྩོམ་གང་མང་ཞིག་ཏུ་ཆུ་མིག་ཅེས་འཁོད་ཡོད་པ་ལས་ཁྱུང་མིག་ཅེས་བྲིས་པ་མི་སྣང་ངོ་།། འོན་ཏེ། ཡ་མཚར་བ་ཞིག་ལ།  《ནོར་བུ་གཟིའི་རྣམ་བཤད་འཇིག་རྟེན་དགེ་བ་》ལས།  འདབ་ཆགས་རྒྱལ་པོ་ཁྱུང་ཆེན་ལ།   །ཁྱུང་གཟི་དམར་པོ་ལག་གཡས་ཡོད།   །28ཅེས་ཁྱུང་གཟི་བྱ་བ་ཞིག་ཡོད་པར་བཤད་པས།  དེ་དང་ཁྱུང་མིག་གཉིས་བར་ལ་འབྲེལ་བ་མངོན་གསལ་གང་འདྲ་ཞིག་ཡོད་མེད་མ་ངེས། གཞན་ཆུ་མིག་གི་འབྲི་ཚུལ་ལ་འགྱུར་མིག་ཅེས་འཁོད་ཡོད་པ་མང་སྟེ། 《འཇིགས་མེད་གླིང་བའི་གཏམ་ཚོགས་ལས་རིན་པོ་ཆེ་བརྟག་པའི་ གཏམ》་བྱ་བ་ལས།     གཟི་ལ་སྟག་ལོག་རྐང་རིང་ཁྲ་ཆུང་གསུམ།   །དང་པོ་དབྱིབས་ཟླུམ་བར་བ་འགྱུར་དགུ་འདི།  །29ཞེས་པ་དང་།  དགའ་བའི་རྡོ་རྗེའི་《འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་》དུ།   སྤྱིར་བཏང་རྡོག་ཆེ་ཞིང་རིང་ལ་གཟི་ལྟོ་འགྲངས་པ།  རི་མོ་ལེགས་པ།  འགྱུར་མིག་གསུམ་པ་དང་། ལྔ། བདུན། དགུ་སོགས་ལེགས་པར་བརྩི། 30ཞེས་པ་ལྟ་བུའོ།། མདོར་ན་ཆུ་མིག་དང་འགྱུར་མིག་གང་ཡིན་ཡང་ཐ་སྙད་དེ་དག་མིག་ཅན་གྱི་གཟི་ལ་བལྟོས་ནས་བྱུང་བའི་བྱེ་བྲག་གི་མིང་ཡིན་པ་ལས་གཟི་ཡི་སྤྱི་མིང་མིན་པ་གསལ་བས་སོ།།


ལྔ་བ། ལིག་བུ་མིག་གི་སྐོར།

        ཁ་ཅིག་གིས་ལིག་བུ་མིག་ཟེར་བ་ནི་ཞང་ཞུང་གི་སྐད་ཡིན་ལ།   བོད་ཀྱི་སྤྱི་སྐད་དུ་གཟི་བྱ་བ་ཡིན་ནོ་ཟེར།    དག་ཡིག་ཁག་ལས།    ལིག་བུ་མིག་ནི་རྡོ་སྨན་གྱི་རིགས་ཤིག་སྟེ།     ནུས་པས་མིག་ནད་རབ་རིབ་སོགས་ལ་ཕན།      ཞེས་པ་དང་།      དེའི་ཐད་ཀྱི་རྒྱ་ཡིག་ཏུ་孔雀石བྱ་བར་ བསྒྱུར་ཡོད་ཅིང་།     སྤྱིར་བཏང་རྒྱ་སྐད་ཀྱི་ཁུང་ཁྱེ་ཧྲི་ལ་བོད་སྐད་དུ་གཡུ་རྡོ་དང་རྨ་བྱའི་མདངས་བྱ་བར་བརྗོད་པས།   ལིག་བུ་མིག་དང་གཡུ་རྡོ་གཉིས་མི་འདྲ་སྟེ།   སྨན་གཞུང་རྣམས་སུ་ལིག་བུ་མིག་ལ་རབ་འབྲིང་ཐ་གསུམ་ཡོད་པར་བཤད་ཅིང་།  ཁ་དོག་ཀྱང་ནག་པོ།   དམར་པོ།    སེར་སྐྱ།    ཐལ་མདོག་སོགས་ཅི་རིགས་ཤིག་ཡོད་པར་བཤད་པ་དེ་དག་ལས་ཀྱང་གཡུ་མདོག་ཡོད་པར་མ་བསྟན་ཏོ།།     《རྒྱུད་བཞིའི་བྲིས་ཆ་མཐོང་བ་དོན་ལྡན》་ལས།     གཟི་རིགས་ཀྱི་ལིག་བུ་མིག་ཅེས་པའི་དཔེ་རིས་སྟེང་གཟི་ཡི་རི་མོ་རིགས་མི་འདྲ་བ་གཉིས་བྲིས་ཡོད་པ་དེར་བལྟས་ན།31     ལིག་བུ་མིག་ནི་གཟི་ཡི་རིགས་ཤིག་ཡིན་པ་ཤེས་ཐུབ་མོད།    འོན་ཀྱང་།    《སྡེ་སྲིད་རིན་པོ་ཆེའི་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》་ཏུ།      རྗེ་བླ་མ་མཆོག་གི་སྐུ་རྒྱན་དུ།     རྒྱལ་ཐང་བས་ཞལ་འདེབས་སུ་ཕུལ་བ་ལིག་བུ་མིག་གཅིག    ཅེས་དང་།     ཡང་དེ་ཉིད་ལས།    རྗེ་བླ་མ་མཆོག་གི་དབང་ཆས་ཆ་ཚང་ལ།     ལིག་བུ་མིག་གཅིག        གཟི་རིགས་སྣ་ཚོགས་རྡོག་ལྔ་བརྒྱ་དང་ཞེ་གཅིག     32 ཅེས་གཟི་དང་ལིག་བུ་མིག་གཉིས་སོ་སོར་འཁོད་ཡོད་པ་དང་།    དེའུ་དམར་དགེ་བཤེས་ཀྱི་《ཤེལ་གོང་ཤེལ་ཕྲེང་》དུ། འདི་ལ་ཁ་ཅིག་གིས་གཟི་ལ་ནོར་ནས་རིན་པོ་ཞིག་ཡིན་པར་བཤད་པ་ནི་མ་དག་པར་འདོད། ཧཱུཾ་ཆེན་ཀ་རའི་ལུང་དེ་ནི་དཀར་ཕྲ་མན་ལ་དགོངས། 33  ཞེས་དེའུ་དམར་དགེ་བཤེས་ལགས་ཀྱིས་ཀྱང་གཟི་དང་ལིག་བུ་མིག་གཉིས་མི་གཅིག་པར་བཤད།   ཡིན་ནའང་།    ང་ཚོས་ཤེས་དགོས་པ་ཞིག་ནི་ དེའུ་དམར་དགེ་བཤེས་ཁོང་རང་གཟི་དང་དཀར་ཁྲ་མེན་གཉིས་ཀྱང་མི་གཅིག་པའི་ལྟ་བ་འཛིན་མཁན་ཡིན་ཕྱིན།   《ཤེལ་གོང་ཤེལ་ཕྲེང་》དུའང་དེ་གསུམ་སོ་སོེར་བཀྲལ་ཡོད། ཕྲན་གྱིས་ནི་ཧཱུཾ་ཆེན་ཀ་རའི་ལྟ་ཚུལ་དེ་ལ་འཐད་པར་འཛིན་པ་མ་ཟད་ལིག་བུ་མིག་ནི་གཟིའི་རིགས་ཡིན་པར་འདོད་རྒྱུ་མཚན་ནི། དེའུ་དམར་ཁོང་རང་གིས་ཀྱང་ཧཱུཾ་ཆེན་གྱི་ལུང་དེ་ནི་དཀར་ཁྲ་མེན་ལ་དགོངས་ཞེས་ ལིག་བུ་མིག་ དང་དཀར་ཁྲ་མེན་གཉིས་གཅིག་ཡིན་པ་དངོས་ཤུགས་གང་ཐད་ནས་ཁས་བླངས་ཟིན་པས། དེས་ན་དཀར་ཁྲ་མེན་ནི་གཟིའི་རིགས་ཡིན་པའི་རྒྱུ་མཚན་དང་བཅས་གོང་དུ་བཤད་ཟིན་པས་འདིར་བསྐྱར་ཟློས་མི་བགྱིད་དོ།། འོ་ན། གཟི་དང་ལིག་བུ་མིག་གཉིས་ཡོངས་ སུ་གཅིག་གམ་ཟེར་ན། དེ་གཉིས་མི་འདྲ་ས་ནི། གཟི་དང་ལིག་བུ་མིག་གཉིས་ཀྱི་རྒྱུ་ཆ་འདྲ་ཡང་གཟི་ནི་རྒྱུ་ཆ་དེའི་སྟེང་དུ་མིས་རྫས་སྦྱོར་སྤྱད་ནས་རི་མོ་འདྲ་མིན་ཕབ་པ་དེ་ལ་ཟེར།  དཀར་ཁྲ་མེན་ལའང་རང་བྱུང་དང་མིས་བཟོས་པའི་རིགས་གཉིས་ཡོད་ཅིང་།    རང་བྱུང་གི་རིགས་དང་ལིག་བུ་མིག་གཉིས་གཅིག་གོ། མདོར་ན། ལིག་བུ་མིག་བྱ་བ་ནི་ཞང་ཞུང་གི་སྐད་ཡིན་ན་འདྲ་བོད་སྐད་གང་ཡིན་ཡང་གཟི་བཟོ་སྤྱད་ཀྱི་རྒྱུ་ཆ་གཙོ་བོ་ཡིན་པས། འདི་ལ་བརྟག་དཔྱད་དང་ཞིབ་འཇུག་བྱ་རྒྱུ་ནི་དགོས་ངེས་ཀྱི་དོན་གནད་གལ་ཆེན་ཞིག་གོ།


དྲུག་པ།       ཡིད་བཞིན་ནོར་བུའི་སྐོར།

      བོད་མི་ཞིག་ལ་མཚོན་ན།  ཡིད་བཞིན་ནོར་བུ་བྱ་བའི་མིང་བརྡ་འདི་ནི་ཧ་ཅང་གི་ཆ་ཡོད་རྒྱུས་ཡོད་ཅིག་ཡིན་ལ།   ཡིན་ནའང་།   མང་ཤས་ཀྱིས་དཔེའི་སྒོ་ནས་བརྗོད་པའི་ནང་དོན་དེའི་སྤྱི་དོན་ཙམ་ཤེས་པ་ལས་ཡང་སྙིང་ཅི་ཞིག་ལ་གོ་བའི་རྒྱུ་མཚན་ཤེས་མཁན་ཆེས་ཉུང་ངུ་ཞིག་ལས་མེད།    འཕགས་པ་ཀླུ་སྒྲུབ་སོགས་ཀྱིས་འཇིག་རྟེན་འདིར་ཁྱད་ནོར་མང་ཡང་ཀུན་ལས་རྣམ་པར་རྒྱལ་བ་ནི།     ཡིད་བཞིན་ནོར་བུ་འདི་ཡིན་པར་བཤད།     འདིའི་དོན་ཡང་ཡིད་ལ་གང་འདོད་པ་དེ་ལྟར་དུ་འབྱུང་བའི་རིན་པོ་ཆེ་ཞིག་ཡིན་པས་མིང་ཡང་དེ་ལྟར་ཐོགས།    མིང་གཞན་ལ་ཡིད་བཞིན་དབང་རྒྱལ་དང་།    བསམ་འཕེལ་ནོར་བུ།     ནོར་བུ་དཔུང་འཇོམས།     ཙིན་ཏ་མ་ཎི་བཅས་ཀྱང་ཟེར།    འདིའི་ནུས་པས་ལུས་ལ་འཆང་བ་ཙམ་གྱིས་ནད་གདོན་ཀུན་འཇོམས་ཤིང་། བསམ་དོན་ཀུན་འགྲུབ་པར་གྲགས། 《མདོ་རྒྱ་ཆེན་རོལ་བ》  སོགས་ལས། ཡིད་བཞིན་ནོར་བུ་ནི་བཻ་ཊཱུརྱ་ཡིན་པར་གསུངས་པས།34 ཕྱིས་ཀྱི་མཁས་པ་ལ་ལས་ཡིད་བཞིན་ནོར་བུ་འདི་བཻ་ཊཱུརྱ་ཡིན ཞེས་མཐའ་གཅིག་ཏུ་འགྲེལ་བཤད་གནང་བའི་རྒྱུ་མཚན་དེར་ཐུག   སྤྱིར་ཡིད་བཞིན་ནོར་བུ་ལ་རིགས་གསུམ་ཡོད་དེ།    ལྷའི་ནོར་བུ་དང་།     མིའི་ནོར་བུ་དང་། བྱང་ཆུབ་སེམས་དཔའི་ནོར་བུ་བཅས་གསུམ་མོ།།   དེ་གསུམ་ལས་ལྷའི་ནོར་བུ་བྱ་བ་ལའང་ནང་གསེས་སུ་གསུམ་སྟེ། ལྷ་དང་། ལྷ་མིན། ཀླུ་བཅས་གསུམ་མཆིས་པ་ལ་བཻ་ཊཱུརྱ་ནི་ཀླུའི་ཡིད་བཞིན་ནོར་བུ་ཡིན་ཞེས་དེའུ་ དམར་དགེ་བཤེས་སོགས་ཀྱིས་བཞེད་དོ། 《དུང་དཀར་ཚིག་མཛོད》་དང་《བོད་རྒྱ་ཚིག་མཛོད》་ཁག་ལས། ཡིད་བཞིན་ནོར་བུའི་ཁྱད་ཆོས་བཤད་སྐབས་ཁྱུང་སྐྱུགས་ཀྱི་ནང་དོན་དང་གཅིག་འདྲ་ཡིན་པ་ཞིག་བཤད་འདུག        དེ་གཉིས་མི་འདྲ་ས་ནི་བཤད་སྟངས་དེ་ནི་རིག་བྱེད་ཀྱི་ལུགས་ཡིན་ཞེས་པ་དེ་ཙམ་ཡིན།

            དེས་ན་ཁྱུང་སྐྱུགས་ནི་ནམ་མཁའ་ལྡིང་བརྫུས་སྐྱེས་ཀྱིས་དུག་སྦྲུལ་ཟོས་བས་དུག་གི་སྟོབས་ཀྱིས་འཆི་བའི་ཚེ། ལུས་མེས་སྲེག་པར་བྱེད་ལ། སྙིང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཻ་ཊཱུརྱའི་རང་བཞིན་དུ་གྱུར། དེ་ནི་བརྒྱ་བྱིན་གྱིས་ཐོབ་ན་གཙུག་གི་ནོར་བུར་བྱེད་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ཐོབ་ན་ནང་ནོར་རིན་པོ་ཆེ་བྱེད་དོ།། ཞེས་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་ཆེན་ལས་བཤད་དོ།། དོན་དུ་ནོར་བུ་གཟིའི་རྣམ་བཤད་འཇིག་རྟེན་དགེ་བ་ལས་བཤད་པའི་ཁྱུང་གཟི་བྱ་བ་དང་གཅིག་ཡིན་པར་གསལ་ལོ།། དེའུ་དམར་སོགས་ཀྱིས་ཡིད་བཞིན་ནོར་བུ་འདིའི་སྟེང་མིག་བདུན་ཙམ་ཡོད་པར་བཤད་ཅིང་། ཡུལ་གང་ནས་ཀྱང་འབྱུང་བར་གསུངས། ལ་ལས་རྒྱ་མཚོའི་གླིང་དུ་ཡོད་པར་བཤད་པས་རྟག་ཏུ་དཔེར་བརྗོད་རྣམས་སུའང་དེ་ལྟར་བཤད། གནའི་ཐང་ག་དང་ལྡེབས་རིས་ཁག་ཏུ་ནོར་བུ་ཆ་དགུ་དང་། ཆ་བདུན། ཆ་ལྔ། ཆ་གསུམ་སོགས་བྲིས་ཡོད་ལ། ཁ་དོག་ཀྱང་དཀར་སེར་དམར་སྔོ་བཅས་ཅི་རིགས་ ཤིག་མཆིས་པ་མ་ཟད་དབྱིབས་ཀྱང་གཉིས་ཏེ།  གཅིག་ནི་ནར་མོ་ཁྲ་རིང་དང་གཅིག་ཤོས་ནི་ཅུང་ཟད་འཇོང་འཇོང་ཞིག་གོ ལར་ནོར་བུ་འདིའི་རིགས་ཐང་ག་དང་ལྡེབས་རིས་ངོས་སུ་འབྲི་སྐབས་གཙོ་སྐུའི་ཞོལ་མཆོད་རྫས་ཀྱི་གྲས་སུ་འཇོག་པ་མང་ཡང་། སྒོས་སུ་ནོར་ལྷའི་རིགས་བཞེངས་དུས་རྣམ་སྲས་ཀྱི་རྒྱལ་མཚན་དང་ནེའུ་ལེ་བཅས་ཀྱི་སྐབས་སུ་ཧ་ཅང་མང་། མི་ཕམ་རིན་པོ་ཆེས་སྔ་མོའི་བོད་ཀྱི་རྒྱལ་མཚན་དངོས་ནི་ཕྱྭ་དར་རམ་གཡང་མདའ་ཡིན་ཞིང་། དེང་གི་རྒྱལ་མཚན་གདུགས་བརྩེགས་མའི་ལུགས་དེ་ནི་རྒྱ་ལུགས་ཡིན་པར་གསུངས།35 དུང་དཀར་ཚང་གིས། གཡང་མདའི་སྟེང་ལ་དར་ཚོན་སྣ་ལྔ་དང་། གཟི་དང་གཡུ་སོགས་བཏགས་ཡོད་པའི་ཕྱྭ་དར་དེ་ལག་ཏུ་ཐོགས་ཏེ་ཁྱིམ་གྱི་ཕྱོགས་བཞིར་བསྐྱོད་ན་ཚེ་དང་བསོད་ནམས་དབང་ཐང་དར་བར་བཤད་ལ། གཞན་གེ་སར་གྱི་གཡང་རྟེན་འབུལ་སྐབས་ཀྱང་གཟི་ནི་རྫས་རྟེན་གཙོ་བོ་ཡིན་པར་གསུངས་པས། དེས་ན་གོང་དུ་བཤད་པའི་རྣམ་སྲས་ཀྱི་རྒྱལ་མཚན་སྟེང་གི་ནོར་བུ་དང་གཡང་མདའི་ངོས་ཀྱི་གཟི་གཉིས་ནི་དོན་དུ་གཅིག་ཡིན་པར་གསལ་ཏེ། དེའུ་དམར་སོགས་ཀྱིས་ཡིད་བཞིན་ནོར་བུ་ལ་དར་གོས་ཀྱིས་གཡོགས་དགོས་པའི་གནས་ལུགས་ཤིག་བསྟན་ཡོད་ཅིང་། གཟི་ཡང་ཕྱྭ་དར་དང་མཉམ་དུ་བསྐྱོད་ན་འབད་མེད་དུ་བསམ་དོན་འགྲུབ་པར་བཤད་པ་དང་། གཞན་《པདྨ་བཀའ་ཐང་》ལས། དཔེར་ན་ཡིད་བཞིན་ནོར་བུ་རིན་པོ་ཆེ།    །རྡུལ་གྱིས་བཀྲུས་བཤད་དར་གྱི་ལྡིང་ཁུག་བཅུག  །རྒྱལ་མཚན་རྩེར་བཏགས་མཆོད་ཕུལ་སྨོན་ལམ་བཏབ།   །ཇི་ལྟར་འདོད་པ་བཞིན་དུ་འབྱུང་བ་ལྟར།  །36བྱ་བ་དང་།    ནོམ་ཆུ་མཁན་པོ་ངག་དབང་བློ་བཟང་ཕུན་ཚོགས་ཀྱིས།  བསམ་འཕེལ་དབང་རྒྱལ་རྒྱལ་མཚན་རྩེར།   །མངོན་མཆོད་དགོས་འདོད་ཆར་དུ་འབེབས།    །37ཞེས་གོང་འཁོད་ཀྱི་ནང་དོན་ཁག་ལས་གསལ་བའི་གཟི་དང་འབྲེལ་བའི་ཕྱྭ་དར་དང་།  ཡིད་བཞིན་ནོར་བུ་དང་བསམ་འཕེལ་དབང་རྒྱལ་དང་འབྲེལ་བའི་རྒྱལ་མཚན་བཅས་ཀྱི་ནང་ དོན་དག་མཐར་གཏུགས་ན་གཅིག་ཡིན་པར་རྟོགས་ཐུབ་བོ།། གཞན་ཡང་ཐང་གའི་སྟེང་དུ་འཁོད་པའི་ནོར་བུ་ཆ་བདུན་འབྲི་སྐབས་ནོར་བུའི་སྟེང་ཕྱོགས་སུ་མེ་འབར་བ་དེར་བལྟས་ཀྱང་གཟི་དང་ནོར་བུ་ཀུན་འབྱུང་གཉིས་གཅིག་པ་ཡིན་པ་དཔེར་ན།  《མགོན་པོའི་བྱུང་ཚུལ་གཏོ་ཕུག་ནག་པོ》་ལས་ཀྱང་། དཔག་བསམ་ལྗོན་ཤིང་ལོ་རྒྱས་དང་།  །ནོར་བུ་རིན་ཆེན་གཟི་འབར་དང་། །38ཞེས་ལྷའི་དབང་བོ་བརྒྱ་བྱིན་གྱི་ཕོ་བྲང་རྣམ་རྒྱལ་ཁང་བཟང་ན་ནོར་བུ་གཟི་འབར་བྱ་བ་བཞུགས་པ་བསྟན་ཡོད་ཅིང་། ལྷག་པར་དུ་《ནོར་བུ་གཟིའི་རྣམ་བཤད་འཇིག་རྟེན་དགེ་བ》་ལས། གནའ་རབས་དག་གིས་ཁྲ་མོ་ཟེར།  །ད་ལྟ་ཡོངས་གྲགས་གཟི་ཞེས་འབོད།    །ནོར་བུ་བསམ་འཕེལ་འདི་ལ་ཟེར།   །ཁྲ་མོ་གླིང་བཞི་འདི་ལ་ཟེར།    །འདི་ཉིད་ནོར་བུའི་མཆོག་ཡིན་ནོ། །ནོར་བུའི་ནོར་ངོ་མ་ཟིན་ན། །ནོར་བུ་ཆུ་ཁའི་རྡོ་ལེབ་ཡིན། །བྱ་བ་དང་། ཡང་དེ་ཉིད་ལས། ནོར་བུའི་ནོར་ངོ་ཟིན་གྱུར་ན། །ནོར་བུ་དགོས་འདོད་ཀུན་འབྱུང་ཡིན།   །འབད་པ་བརྒྱ་ཡིས་དོན་མི་འགྲུབ།   །རྔམ་པ་སྟོང་གིས་ས་མི་ཆོད།    །ནོར་བུ་མཐེ་བོང་ཙམ་ཞིག་གིས།  །འདོད་པའི་དོན་ཀུན་འགྲུབ་པར་གསུངས།    །39ཞེས་བསམ་འཕེལ་དབང་རྒྱལ་དང་ནོར་བུ་ཀུན་འབྱུང་གཉིས་ཀྱང་མིང་མི་འདྲ་བ་ཙམ་ལས་དེ་ཡང་ཕུགས་སུ་དེད་ན་གཟི་ལ་བཤད་པ་སོགས་མདོར་ན་ཡིད་བཞིན་ནོར་བུ་དང་གཟི་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་ཤིན་ཏུ་གསལ་ལོ།།

     འོ་ན་མིའི་ནང་ནས་ཕུལ་དུ་གྱུར་བའམ་གཙོ་བོ་ལ་ཡིད་བཞིན་ནོར་བུ་དང་།   རྟེན་གྱི་ནང་ནས་ཁྱད་དུ་འཕགས་པ་དཔེར་ན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེ་ལྟ་བུ་ལ་ཡིད་བཞིན་ནོར་བུ་རུ་འབོད་པའི་རྒྱུ་མཚན་ནི།   ཧ་ཅང་དཀོན་པོ་རྩ་ཆེ་བའི་རིགས་ལ་དཔེའི་སྒོ་ནས་དེ་ལྟར་དུ་འབོད་སྲོལ་ཆགས་པ་ཞིག་རེད་དོ།།


བདུན་པ། ས་མན་ཊ་ཀའི་སྐོར།

          ས་མན་ཊ་ཀ་བྱ་བ་འདི་བོད་སྐད་དུ་བསྒྱུར་ན་ཐན་ཀོར་ལ་གོ་ཞེས་《སཾ་བོད་སྐད་གཉིས་ཤན་སྦྱར》་ཁག་ལས་བཤད་ཅིང་།40   ཐན་ཀོར་ཟེར་བ་ནི་མཐའ་སྐོར་ལ་གོ་བ་དཔེར་ན། མིག་གི་མཐའ་སྐོར་ལ་མིག་གི་ཐན་ཀོར་ལྟ་བུའོ།། ཡང་རིག་བྱེད་ཀྱི་མངོན་བརྗོད་དག་ལས་རིན་པོ་ཆེའི་རིགས་ཤིག་ཡིན་པར་བཤད།    ཨ་མདོ་རེབ་གོང་ཡུལ་གྱི་ལྷ་བཟོ་ཚོས།   མིག་གི་རྒྱལ་མོ་ལ་ས་མན་ཊ་ཀ་ཟེར་བས།    དེས་ན་ས་མན་ཊ་ཀ་བྱ་བ་ནི་མིག་གི་རྒྱལ་མོ་ལ་གོ་བའམ་ཐན་ཀོར་ལ་ཟེར་རམ།   ཡང་ན་རིན་པོ་ཆེ་ཞིག་གི་མིང་གཞན་གང་ཡིན་མཐའ་གཅིག་ཏུ་བཤད་དཀའ་ཡང་།    ངས་བལྟས་ན།   རིན་པོ་ཆེའམ་ཁྲ་ཆུང་ཞེས་བསྒྱུར་ན་དོན་བསྒྱུར་དང་།     ཐན་ཀོར་དུ་བསྒྱུར་བ་ནི་ཐད་བསྒྱུར་ཡིན་པར་འདོད།    མིག་གི་རྒྱལ་མོའི་མིང་ལ་རིན་པོ་ཆེ་བྱ་བ་ནི་དཔེའི་སྒོ་ནས་བཏགས་པ་ཞིག་ཡིན་སྲིད་ལ།    མིག་ལ་ཁྲ་ཆུང་དུ་འབོད་པའི་རྒྱུ་མཚན་དངོས་ནི་ད་དུང་ཡང་གསལ་བོར་ཤེས་ཀྱི་མེད།   སྤྱིར་ན་ཁྲ་ཆུང་ཟེར་སྐབས་མིག་ལ་བཤད་པ་དང་རིན་པོ་ཆེ་གཟི་ལ་གོ་བ་བཅས་ནང་དོན་གཉིས་འདུག      གཟིའི་རྣམ་བཤད་ཁག་ཏུ།    གཟི་ལ་དབྱེ་ན་སྟག་ལོག་དང་།    རྐང་རིང་།    ཁྲ་ཆུང་ཞེས་གསུམ་དུ་བཤད་ པ་དང་།   ཁྲ་ཆུང་ལའང་ནག་ཁྲ་དང་།     སེར་ཁྲ།     ཁམ་ཁྲ་སོགས་མང་ཡང་ཡོངས་གྲགས་སུ་ཁྲ་མོའམ་ཁྲ་མན་ཟེར་བ་དེ་ཡིན་ཞེས་གྲགས།    འོ་ན་མིག་ལ་ཁྲ་ཆུང་བྱ་བའི་མིང་དེ་གཟི་ཁྲ་ཆུང་དང་འདྲ་སའི་ཆ་ནས་ཐོགས་པ་ཞིག་ཨེ་ཡིན་སྙམ།    སྲིད་པ་བོད་ཀྱི་ངག་རྒྱུན་ལ།     གཟི་ནི་མི་མ་ཡིན་པས་བཟོས་པ་ཡིན་ལ། མི་མ་ཡིན་དང་ལྷ་གཉིས་འཐབ་སྐབས་གཟི་འདིས་ལུས་སྲུང་བྱེད་པའི་ནུས་ཤུགས་བསམ་ཡུལ་ལས་འདས་པ་འདོན་བཞིན་པས་ལྷ་རྣམས་རྟག་ཏུ་ཕམ་ཞེས་ཟེར།  ཡ་མཚར་བ་ཞིག་ལ།     རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་ཅིག་ལས།    སྔོན་རི་རབ་ཀྱི་ཁོངས་སུ་རྒྱལ་པོ་གསལ་བ་བྱ་བ་ལ་ས་མན་ཊ་ཀ་ཞེས་ནོར་བུ་ཞིག་ཡོད་པ་ཁྱབ་འཇུག་གིས་ཤེས་ཏེ་བསླངས་པ་ལ།  རྒྱལ་པོ་གསལ་བས་མ་བྱིན་པས། ཁྱབ་འཇུག་ཁྲོས་ཏེ་དམག་དཔུང་དང་བཅས་གཡུལ་འགྱེད་དུ་སོང་། རྒྱལ་བོ་གསལ་བ་ས་མན་ཊ་ཀ་ནོར་བུའི་བྱིན་རླབས་ཀྱིས་ཁྱབ་འཇུག་གི་དཔུང་ཚོགས་དང་གཡུལ་བཀྱེས་པའི་མཐར་ཁྱབ་འཇུག་ཕམ། ནམ་ཞིག་ལ་རྒྱལ་པོ་གསལ་བ་རི་དྭགས་གཤོར་བ་ནགས་སུ་སོང་བ་ན་སེང་གེ་དང་འཕྲད་པས། སེང་གེས་རྒྱལ་པོ་གསལ་བ་བསད། དྲེད་ཀྱི་བདག་པོ་འཛམ་བུའི་བུ་བྱ་བའི་མི་མ་ཡིན་པ་ཞིག་མཆིས་པ་དེས་སེང་གེའི་ལྐོག་མར་ནོར་བུ་ས་མན་ཊ་ཀ་ཡོད་པ་ཤེས་ནས་སེང་གེ་དེས་བསད་དོ།། ཁྱབ་འཇུག་གིས་དེ་ལོན་ཐབས་བྱེད་པ་ལ།    འཛམ་བུའི་བུས་གལ་ཏེ་ནོར་བུ་དགོས་ཚེ་ངེད་ཀྱི་འཛམ་བུའི་བུ་མོ་ཞིག་ཁྱབ་འཇུག་གི་ཆུང་མར་ལེན་དགོས་ཞེས་རེ་བ་བཏོན་པ་ལ།     ཐོག་མར་ཁྱབ་འཇུག་ཤིན་ཏུ་ཁྲོས་ཀྱང་མཐར་ནོར་བུའི་ཆེད་དུ་མི་མ་ཡིན་པའི་བུ་མོ་དེ་རང་གི་ཆུང་མར་བླངས་སོ་ཞེས་གྲགས།   41ཞེས་གོང་འཁོད་ཀྱི་གཏམ་རྒྱུད་ནང་གི་ས་མན་ཊ་ཀ་བྱ་བའི་ནོར་བུ་དེ་ནི་གཟི་ཁྲ་ཆུང་ཡིན་པར་གསལ་ཞིང་།     གཏམ་རྒྱུད་དེ་ཐོག་མར་ཞང་ཞུང་ཡུལ་དུ་བྱུང་བ་ལ།    ཕྱིས་ཞང་ཞུང་གི་མི་རྒྱུད་ཨརྱ་རྣམས་ཆུ་བོ་ཆེན་པོ་བཞིའི་བཞུར་རྒྱུན་དང་འབྲེལ་རྒྱ་གར་སོགས་སུ་སླེབས་ཤིང་།      དེ་ནས་མི་རྒྱུད་དེ་དག་གིས་རང་གི་མཆེད་ཁུངས་མེས་པོ་ཚོའི་སྔོན་མོའི་ངང་ཚུལ་ལམ་ལོ་རྒྱུས་རྣམས་རིག་བྱེད་དང་སྦྱར་ཏེ་ དར་སྤེལ་བཏང་བ་ཞིག་ཡིན་པར་ངེས་སོ།།


བརྒྱད་པ།  གཟི་འདི་རྒྱ་ཡིག་ཏུ་ཅི་ལྟར་བསྒྱུར་ཚུལ་སྐོར།

        ཉེ་ཆར་ངེད་ཀྱིས་གཟི་དང་འབྲེལ་བའི་བོད་རྒྱ་གཉིས་ཀྱི་ཡིག་ཚང་དུ་མ་ཞིག་རྩད་གཅོད་བྱས་ནས་བལྟ་ཀློག་བྱེད་སྐབས།   གཟི་ཡི་ཐ་སྙད་ཐད་ད་དུང་གནད་དོན་མང་པོ་ཞིག་ལྷག་ཡོད་པ་ཤེས་རྟོགས་བྱུང་ལ། ཁྱད་པར་དུ་རྒྱ་ཡིག་གི་ཐད་དེ་བས་ཀྱང་རྙོག་འཛིང་ཆེ་བ་ཞིག་ལུས་འདུག    དེ་ནི་བོད་ཡིག་གི་གཟི་བྱ་བའི་མིང་བརྡ་དེ་རྒྱ་ཡིག་སྟེང་འགྱུར་མི་འདྲ་བ་མང་དུ་མཆིས་པ་མ་ཟད།          འགའ་ཞིག་ལ་འགྱུར་སྐྱོན་ཚབས་ཆེན་བྱུང་སྟེ་སྤྱི་ཚོགས་སྟེང་ཤུགས་རྐྱེན་ངན་པའང་མི་ཉུང་བ་ཞིག་ཐེབས་ཡོད།    དེ་སྔ་ལོ་རབས་དགུ་བཅུ་བའི་སྐབས་སུ།     བོད་ཀྱི་ཚོང་བ་བུད་མེད་རྟ་མགྲིན་སྐྱིད་ཟེར་བ་དེས་གཟི་སྟག་ལོག་ཅིག་ཉོས་ནས་མགུལ་རྒྱན་བཟོ་བསམས་ཏེ། སྐུ་འབུམ་དགོན་པའི་མཐའ་སྐོར་དུ་མཆིས་པའི་གསེར་མགར་ཞིག་ལ་གཟི་དེའི་སྣེ་གཉིས་ལ་གསེར་ཤན་རྒྱབ་ཏུ་འཇུག་སྐབས་མགར་བ་དེས་གཟབ་ནན་དང་དོ་སྣང་མ་བྱས་པས་གཟི་དེའི་སྣེ་མོ་བཅག  སྐབས་དེ་གཟི་བདག་གིས་མགར་བ་ལ་ཐད་ཀར་གཟི་དེའི་རིན་གོང་སྔོན་མ་བཞིན་སྐྱིན་ཚབ་ལ་ཁྲི་གཅིག་དང་སྟོང་བརྒྱད་སྤྲོད་དགོས་ཞེས་བཤད་པ་ན། མགར་བས་ཧང་སངས་པའི་ངང་ས་སྣེ་དེ་གའི་ཁྲིམས་ཁང་ལ་གཏུགས། ཁྲིམས་ཁང་གིས་དེ་སྔོན་འདི་འདྲ་གནས་ཚུལ་ཐུག་མ་མྱོང་བས། གཟི་བྱ་བ་དོན་དངོས་ཅི་ཡིན་མ་ཤེས་ཏེ། རྒྱལ་ཁབ་རིམ་པའི་དཔར་སྐྲུན་ཁང་གིས་བསྐྲུན་པའི་《བོད་རྒྱ་ཚིག་མཛོད》་དང་《རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད》་ཁག་ལས་གཟི་ཞེས་པ་རྒྱ་ཡིག་ཏུ་གང་འདྲ་ཡིན་པ་འཚོལ་བ་ན། རྒྱ་ཡིག་ཏུ་མ་ནོ་ཧ་ཞེས་བསྒྱུར་ཡོད་པས།  ཁྲིམས་ཁང་གིས་མ་ནོ་ཧ་ལེགས་ཤས་ཤིག་ལའང་དམངས་སྒོར་སྟོང་གཅིག་ལས་མི་ཁུགས་ པའི་རྒྱུ་མཚན་སོགས་བཤད་དེ་མཐར་གཟི་དེའི་རིན་འབབ་ལ་དམངས་སྒོར་སྟོང་གཅིག་དང་དྲུག་བརྒྱ་སྤྲད་པའི་གནས་ཚུལ་བྱུང་འདུག དེས་ན་གཟི་ཞིག་མ་ནོ་ཧའི་རིན་ཐང་དུ་འགྱུར་བའི་གནས་ཚུལ་དེ་ཡང་མཐར་གཏུགས་ན་བོད་ རྒྱ་གཉིས་བར་གྱི་ཡིག་བསྒྱུར་ཐད་ནོར་འཁྲུལ་བྱུང་བའི་འབྲས་བུ་ཞིག་ཡིན་པ་སྨྲོས་མ་དགོས། དེ་མིན་བོད་མི་ཞིག་ཡིན་ཚེ་རྫི་བོ་ཕན་ཆད་ཀྱིས་ཀྱང་གཟི་དང་མ་ནོའི་ཁྱད་པར་གསལ་བོར་ཤེས་ནུས་སོ།།      《ཐང་ཡིག་གསར་རྙིང་》དུ།       གཟི་ལ་སི་སི་(瑟瑟)ཞེས་འཁོད་ཡོད་ཅིང་།      དེ་ནི་གཟི་བྱ་བ་ཟུར་ཆག་པར་བཤད།     སིལ་བུར་ཐོར་བའི་དུས་ཀྱི་རྒྱའི་ལོ་རྒྱུས་རྣམས་སུའང་གོང་གི་དེ་བཞིན་འཁོད་ཡོད་ལ། ས་སྐྱས་དབང་སྒྱུར་གྱི་སྐབས་སུ་གཟི་བྱ་བའི་མིང་འདི་རྒྱ་ཡིག་ཏུ་ཅི་ལྟར་བསྒྱུར་ཡོད་མེད་ད་ཕན་ངེད་ཀྱིས་བོད་རྒྱ་གཉིས་ཀྱི་ ཡིག་ཚང་ཁག་ལས་མཐོང་མ་མྱོང་བས་དེའི་སྐོར་ཁ་གསལ་ཞིག་བཤད་དཀའ། ཕག་གྲུའི་སྐབས་སུ་ཤིང་ཀུན་སྡེ་རུ་བྲིས་པའི་《ནུབ་བོད་ཀྱི་སྐོར》་བྱ་བའི་བོད་རྒྱ་ཤན་སྦྱར་གྱི་ཚིག་མཛོད་རྣམས་སུ་གཟི་ལ་མ་ནོ་ (玛瑙)42ཞེས་འཁོད་ཡོད་པ་དང་། སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ལས།   གཟི་ལ་རྒྱ་སྐད་དུ་ཡ་མ་ནོ(亚玛脑)་དང་།    མའོ་ཨར་ཡན།(猫儿眼)   མའོ་ཅིན་ཧྲི་(猫睛石)ཞེས་བསྒྱུར་ཡོད་པ་དང་།43      《འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་》དུ།     གཟི་ལ་གྱིག་ཡན་ཀྲུའུ(九眼珠)་བྱ་བ་དང་།     《བོད་རྒྱ་ཚིག་མཛོད་ཆེན་མོ》་རུ། གཟི་ལ་ཡ་མ་ནོ་(亚玛脑)དང་མའོ་ཆིན་ཧྲི་(猫睛石)ཞེས་པ་དང་། ཏཱ་ཨིས་ཨེ་པིན་ཧོ་སི་དང་མེ་ཁི་ཨར་ཝུ་སི་ཐིན་གཉིས་ཀྱིས་བརྩམས་པའི་《བོད་ཀྱི་རིན་ཆེན་གཟི》་བྱ་བ་རུ།              གཟི་ལ་སི་ཀྲུའུ་ཞེས་བསྒྱུར་ཡོད་པ་སོགས་འབྲི་སྟངས་མང་དུ་མཆིས་ཤིང་། དེ་དག་ལས་བསྒྱུར་སྟངས་ཡག་ཤས་ནི་གཟི་བྱ་བ་སྒྲ་གདངས་ཐད་ཀར་བསྒྱུར་བ་རབ་དང་།    དེའི་ཁྲོད་ཐེན་ཀྲོའུ་(天珠)རུ་བསྒྱུར་བ་འབྲིང་དང་།    སི་ཀྲུའུ་(瑟珠)རུ་བསྒྱུར་བ་ནི་ཐ་མ་ཡིན་པར་སེམས།      དེ་མིན་གཞན་དག་ནི་འགྱུར་སྐྱོན་དང་།     ཡང་ན་དོན་ལ་མི་གནས་པའི་ངང་ཚུལ་ཞིག་རེད། ལོ་ཧུས་ཀྱིས་བརྩམས་པའི་《ཤར་ཕྱོགས་ཀྱི་གཡུ་རྡོར་བརྟག་པ》་བྱ་བ་རུ།     ཐང་རྒྱལ་རབས་ཀྱི་ཆོས་དཔེ་ཁག་ལས་བྱུང་བའི་སི་སི་ཞེས་པའི་མིང་ དེ་ལ་དཔྱད་པ་འདི་ལྟར་བཏང་ཡོད་དེ།《 ཐང་གི་ལོ་རྒྱུས》་ནང་གི་སི་སི་(瑟瑟)བྱ་བ་ནི།         བོད་ཀྱི་མཐོ་རིམ་མི་སྣ་རྣམས་ཀྱི་དཔུང་མགོ་རུ་འདོགས་པའི་ཕྲེང་བ་ལྟ་བུ་ཞིག་དང་།      ཡང་ན་གསེར་དངུལ་གྱི་སྟེང་ལ་ཕྲ་བཏབ་པ་ཞིག་རེད།    ཅེས་པ་དང་།   གཞན་རྒྱལ་རབས་གསར་བ་ ལྔའི་ལོ་རྒྱུས་ནང་དུ།      སི་སི་ནི་བོད་ཀྱི་བུད་མེད་ཚོའི་སྐྲ་སྟེང་དུ་འདོགས་པའི་རྒྱན་ཆ་ཞིག་དང་།   རིན་ཆེན་དེའི་རིན་ཐང་ནི་རྟ་གྱི་ལིང་ཞིག་ གི་གོང་ཚད་ཡིན།    ཞེས་པ་ལ་དཔགས་ནས་ལོ་ཧིས་ལགས་ཀྱིས། སི་སི་(瑟瑟)བྱ་བ་ལ་ཐང་རྒྱལ་རབས་སྐབས་སུ་ནང་དོན་ཁྱད་པར་ བ་ཞིག་མཆིས་ཀྱང་། ཕྱིས་སུ་རྩ་ཆེན་གྱི་རྡོ་ཞེས་སྤྱིར་བཏང་གི་ནང་དོན་ཞིག་ལས་གོ་བ་ཁྱད་པར་བ་ལེན་ གྱི་མེད། བྱ་བ་དང་། ཡང་ལོ་ཧིས་ལགས་ཀྱིས་གོང་གི་ནང་དོན་དེ་དག་ལ་གཞིགས་ནས་སི་སི་བྱ་བའི་ཐ་སྙད་ འདི་བོད་ཡིག་གི་གཟི་དང་། པར་སིག་ཡི་གེ་ནང་ གི་སི་གཟི་དང་།    ཨ་ལ་པོ་ཡི་གེ་ནང་གི་རྡོའུ་གཟི་བཅས་ལ་འབྲེལ་བ་ཡོད་པར་འདོད།     44 ཅེས་བསྡོམས་ཚིག་བཀོད་ཡོད།

     མདོར་ན།   གོང་དུ་བཤད་པའི་པར་སིག་སྐད་ཀྱི་སི་གཟི་དང་།   ཞང་ཞུང་སྐད་ཀྱི་གཟི་དང་།   ནེ་པཱ་ལའི་ཤཱཀྱ་སྐད་ཀྱི་གཟི་དང་།   རྒྱ་སྐད་ནང་གི་སི་སི་དང་། ཡུ་གུར་མི་རིགས་ཀྱི་ཏོའུ་གཟི་དང་། ཨ་ལ་པོ་སྐད་ཀྱི་རྡོའུ་གཟི་སོགས་ཀྱི་ནང་དོན་ཚང་མ་བོད་སྐད་ཀྱི་གཟིའི་ནང་དོན་དང་གཅིག་འདྲ་ཡིན་པ་མ་ཟད། སྒྲ་གདངས་ཀྱང་ཧ་ཅང་ཐག་ཉེ་བ་སོགས་ཕྱོགས་གང་ནས་བརྟགས་ནའང་གཟི་ནི་བོད་ཡུལ་ནས་བྱུང་བའི་བོད་སྐད་རང་མཚན་པ་ཞིག་ཡིན་ཕྱིན། རྒྱ་སྐད་ལའང་གང་བྱུང་འདི་བྱུང་དུ་མི་བསྒྱུར་བར་ཐང་རྒྱལ་རབས་སྐབས་ཀྱི་སི་སི་(瑟瑟)དང་། ཡང་ན་དེང་སང་ཐེན་ཀྲུའུ(天珠)་རུ་བྲིས་པ་གཉིས་ཅུང་ལེགས་པས་དེ་ལྟར་དུ་བསྒྱུར་རྒྱུ་བོད་རྒྱའི་ལོ་ཙཱ་རྣམས་ལ་གསལ་འདེབས་སུ་ཞུ་བ་ཡིན་ནོ།།


མཆན་འགྲེལ།
༡   ༡༤   ༡༧  ༢༨    ༣༩ གཡུང་དྲུང་གར་མའམ་ཀརྨ་པ་སོགས་ཀྱིས་རྩོམ་སྒྲིག་བྱས་པའི་《ནོར་བུ་གཟིའི་རྣམ་བཤད་འཇིག་རྟེན་དགེ་བ》་ཞེས་པའི་ལྡེབ་མ་༢ནས་༧བར་གསལ།      དཔེ་རྙིང་དབུ་མེད་བྲིས་མ་ཁྲུ་གང་ཅན། ༢ ༡༠དཔྱད་བུ་ཁྲིད་ཤེས་སོགས་ཀྱིས་བསྡུས་པའི་《གསོ་རིག་འབུམ་བཞི》་ཡི་ཤོག་ལྡེབ་ ༥༤༣སྟེང་གསལ།     ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༣    ༢༡《བཀྲ་ཤིས་བརྩེགས་པའི་མདོ》་བྱ་བའི་དཔེ་ཆ་དེའི་ལྡེབ་མ་༢༠༧སྟེང་གསལ།    མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།    ༤  སློབ་དཔོན་པདྨ་འབྱུང་གནས་སོགས་ཀྱིས་མཛད་པའི་《རིན་གཏེར་སྨན་ཡིག་གཅེས་བསྡུས》 ་བྱ་བའི་དཔེ་ཆ་དེའི་ཤོག་ལྷེ༨༤བོད་སྟེང་གསལ། ༢༦   《རྙིང་མ་རྒྱུད་འབུམ》་གྱི་གླེགས་བམ་མ་མོ་སྲིད་པའི་བེམ་ཞེས་བྱ་བ་རུ་གསལ།     གླེགས་བམ་སྣ་རིང་། ༥    ༡༣ མཁར་རྨེའུ་བསམ་གཏན་གྱི་《མདའ་དང་འཕང་》ཞེས་པའི་དཔེ་ཆ་དེའི་ཤོག་གྲངས་༡༩༥སྟེང་གསལ།    སྨད་ཆ།     ཀྲུང་གོའི་བོད་ རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། ༦   《 གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་ བསྒྲིགས》་བྱ་བའི་ཤོག་གྲངས་༧སྟེང་གསལ།  བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། ༧   ༣༨ 《མགོན་པོའི་བྱུང་ཚུལ》་བྱ་བའི་གླེགས་བམ་ལས་གཏོ་ཕུག་ནག་པོའི་སྐབས་སུ་གསལ།     དཔེ་རྙིང་བྲིས་མ་སྣ་རིང་། ༨    《ང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ ཤིན་ཏུ་ཞིབ་མོ་མ་བཅོས་ལྷུག་པའི་རྟོགས་ བརྗོད》་ཅེས་པའི་ཤོག་གྲངས་༦༥ནས་༦༦སྟེང་གསལ།    ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།    དཔལ་བརྩེགས་བཅས། ༩  གཡུ་ཐོག་པས་བསྒྲིགས་པའི་《བདུད་རྩིའི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ གི་རྒྱུད་ཅེས》་བྱ་བ་བཞུགས་སོ།     བྱ་བ་དེའི་ ཤོག་གྲངས་༣༩༠སྟེང་གསལ།        བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། ༡༡  ༡༦    ༣༠ ༤༤དགའ་བའི་རྡོ་རྗེས་བརྩམས་པའི་《འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་》གི་ཤོག་ ངོས་༡༧ནས་༣༥བར་གསལ།    མི་རིགས་ དཔེ་སྐྲུན་ཁང་གིས་པར་དུ་བཏབ། ༡༢  ༣༢ སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་《མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》་གི་ཤོག་ངོས་༤༨༦སྟེང་གསལ། ༡༩ དོན་གྲུབ་རྒྱལ་དང་ཁྲིན་ཆེན་དབྱིན་གཉིས་ཀྱིས་བསྒྱུར་བའི་《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》་ཀྱི་ ཤོག་གྲངས་༦་སྟེང་གསལ།     མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ༢༠   《དུང་དཀར་ཚིག་མཛོད་ཆེན་མོ》་རུ་གསལ།      ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༢  《 བོན་གྱི་བརྟེན་འགྱུར་ཆེན་མོ》་ལས།     སྨོན་རྒྱལ་པདྨ་རྒྱལ་པོའི་ཡང་སྲིད་གཡུང་དྲུང་བསྟན་པ་དབང་རྒྱལ་གྱིས་མཛད་པའི་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི་སྐྱེས་རབས་རྣམ་བཤད་ནོར་བུའི་ཕྲེང་བ་བྱ་བའི་དཔེ་ཆ་དེའི་ཤོག་གྲངས་༤༡༣ སྟེང་གསལ།    སྣ་རིང་ལྕགས་དཔར་མ།      ཟུང་ཆུ་མི་རིགས་དཔར་འདེབས་ཁང་ཡིན་ནམ་སྙམ། ༢༣   དཔལ་མོ་ནི།       ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཟངས་དཀར་རྫོང་ཟངས་དཀར་ ཤང་གི་མི་ཡིན། ༢༤    བཤད་སྒྲུབ་ནི།     ཟིན་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་གི་མི་ཡིན། ༢༥  རིན་ཆེན་བསམ་འགྲུབ་ནི།      བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་སྐྱ་འབེལ་ཤང་བརྩེ་རངས་སྡེ་ བའི་མི་ཡིན། ༢༧  《 བཟོ་རིག་ཉེར་མཁོ་བདམས་བསྒྲིགས》་བྱ་བ་དེའི་ཤོག་ངོས་༡༩༨སྟེང་གསལ།     བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༦    ནམ་མཁའི་ནོར་བུའི་《ཞང་བོད་ཏི་སེའི་འོད》་ཅེས་པའི་དཔེ་ཆ་དེའི་ཤོག་ལྷེ་ ༡༠༨སྟེང་གསལ།      ཀྲུང་གོའི་བོད་རིག་པ་དཔེ་ སྐྲུན་ཁང་། ༡༥     ༡༨ གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་རྩོམ་སྒྲིག་བྱས་པའི《བོད་ཀྱི་བརྡ་རྙིང་ཡིག་ ཆ་བདམས་བསྒྲིགས》་བྱ་བའི་ཤོག་ངོས་༡༦༨ནས་ ༡༦༩སྟེང་གསལ།       ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་བསྐྲུན། ༣༡    《རྒྱུད་བཞིའི་བྲིས་ཆ》་དཔེ་རིས་སུ་གསལ།   ཤོག་ངོས་མ་ངེས།  ༢༩    《སྨན་ལྗོངས་འབྲུག་གི་རྫོང་གཞི་ཁག་དང་ལྷ་ཁང་དགོན་སྡེའི་རྟེན་དང་དངོས་སྤྱད་ ཀྱི་ལམ་སྲོལ་ལེགས་བཤད》་ཀྱི་ཤོག་ལྷེ་༡༧༧སྟེང་ གསལ།     འབྲུག་ཡུལ་ཅ་རྙིང་འཛིན་སྐྱོང་ཡིག་ཚང་ནས་བསྐྲུན། ༣༣     དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་《ཤེལ་གོང་ཤེལ་ཕྲེང་》གི་ ཤོག་གྲངས་༡༢༤སྟེང་གསལ།    མི་རིགས་ དཔེ་སྐྲུན་ཁང་། ༣༤  《འཕགས་པ་རྒྱ་ཆེར་རོལ་པ་ཞེས་པ་ཐེག་པ་ཆེན་པོའི་མདོ》་ལས་གསལ།     བོད་ཡིག་གསུང་རབ་མཉེན་སྡེར། ༣༥       འཇུ་མི་ཕམ་རིན་པོ་ཆེའི་《སྙན་འགྲེལ》་དུ་གསལ།     ༣༦     ཨུ་རྒྱན་གཏེར་བདག་གླིང་བས་གཏེར་ནས་བཏོན་པའི་《པདྨ་བཀའ་ཐང་》གི་ཤོག་ངོས་ ༡༢༣སྟེང་གསལ།       སི་ཁྲོན་མི་རིགས་ དཔེ་སྐྲུན་ཁང་གིས་བསྐྲུན། ༣༧    ནོམ་ཆུ་མཁན་པོ་ངག་དབང་བློ་བཟང་ཕུན་ཚོགས་ཀྱིས་མཛད་པའི་《ལྕགས་མེ་རིན་པོ་ཆེའི་བསྟན་བཅོས》་བྱ་བ་ལས་གསལ། བྲིས་མ་སྣ་ཐུང་། ༤༠  《སཾ་བོད་སྐད་གཉིས་ཤན་སྦྱར》་གྱི་ཤོག་གྲངས་༧༧༩སྟེང་གསལ།   ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།     ༤༡    བསྟན་འཛིན་གྱིས་བསྒྲིགས་པའི་《རིག་བྱེད་གཏམ་རྒྱུད་བདམས་བསྒྲིགས》་ཀྱི་ཤོག་ ལྡེབ་༡༠༢ནས༡༠༣སྟེང་གསལ།    མཚོ་སྔོན་མི་ རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ༤༢     ཏཱ་མིང་རྒྱལ་རབས་སྐབས་སུ་བསྒྲིགས་པའི་《ནུབ་བོད་ཀྱི་སྐོར》་བྱ་བ་ལས་གསལ།     ཤིང་ཀུན་སྡེའི་ཤིང་དཔར་ཡིན་ནམ་སྙམ། འཇའ་བྷན་ཏུང་ཅིན་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གི་ཉར་ཚགས་ཡིག་ཆ། ༤༣     《 སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད》་དུ་གསལ།      མི་རིགས་དཔེ་སྐྲུན་ཁང་། ༤༥   ཐའོ་ཆིས་〈杜齐〉སོགས་ཀྱིས་བརྩམས་པའི་《ཧི་མ་ལ་ཡའི་ལྷ་དང་མི》《神喜玛拉雅的人与神》་བྱ་ བའི་དཔེ་ཆ་དེའི་ཤོག་ངོས་༡༨༩སྟེང་གསལ།    ཞང་ཧུང་ཅཱ་ཡིས་〈向红茄〉རྒྱ་ཡིག་ཏུ་བསྒྱུར།     ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།།   ཚངས་དབང་དགེ་འདུན་བསྟན་པ།      ད་ལྟ་བོད་ལྗོངས་གཟི་ལམ་རིག་གནས་ཞིབ་འཇུག་ཁང་གི་ཞིབ་འཇུག་འགན་གཙོའི་འགན་ ཁུར་མུས་སུ་མཆིས།   

ཡོང་ཁུངས་སེང་རྡོར་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s