གངས་དཔལ་གྱི་སྙན་ངག་འགའ།


འགག་འཕྲང་རྒལ་བ།

གངས་དཔལ།

རྡོ་ཕ་བོང་སྟེང་གི་དྲེག་པ་དམར་པོ།།
མོ་བྱང་མ་སུ་ཡི་ཟླ་མཚན་ཆགས་སམ།།
རྟ་གྱོ་སེར་གྱིས་གླགས་འདིར་འཚེར་རྒྱུག་བྱེད་པ།།
གནས་ཧྲེབ་པོ་འདིར་སུ་ཡི་ཆགས་འདྲེ་གནས་སམ།།

བྱ་མཐིང་རིལ་གྱི་སྐད་ལ་རྩུབ་ཆ་ཆེ་ཞིང་།།
ཤྭ་རྭ་རིང་གི་ངུ་སྐད་བཤལ་འཕྱེར་འགྲོ་དུས།།
སྒ་བེ་སིང་གི་ཙིར་སྒྲ་རླུང་གིས་ཁུར་བ།།
གནས་མི་མེད་ཀྱི་སྲུལ་མོའི་ལམ་ཁྲལ་ཡིན་ནམ།།

ལུག་ཚེར་ཐོང་གི་རྩུབ་མ་རྩི་ཧྲོག་བསྲེག་དུས།།
གནས་བབ་ཆོལ་འདིར་ཡི་དྭགས་ཧྲེང་ཧྲེང་རྒྱུ་བ།།
གོས་སྨུག་ནག་གི་སུལ་མོར་ཀློག་ཤུ་ཆགས་འདི།།
བཀྲ་མི་ཤེས་བའི་རྨེ་ཅན་ཡོང་སྙམ་ཡིན་ནམ།།

ཡར་ནམ་མཁའ་འདི་ནམ་ཞོད་མཐིང་མཐིང་སྒོ་མེད།།
རྫ་ཟོར་བ་འདྲའི་ཁ་ལམ་ཁངས་གིས་བསྐོར་བཞག།།
རི་གཟར་མོ་ཡི་རྦབ་རྡོ་ངེས་མེད་གྲིལ་བ།།
བྲག་མཆིན་པ་འདྲའི་ཐེམ་གྱི་ཝ་དམར་ཡིན་ནམ།།

མཛོ་ཁྱུང་དཀར་གྱི་རྒྱུད་ལ་སྐོམ་པོ་མིན་པའི།།
མྱི་ཤར་པོ་ཞིག་གནའ་དུས་འབྲོས་འདེད་བྱས་ཏེ།།
དུས་ཡུན་རིང་དུ་འགག་འདིར་གཟིར་བལྟས་བྱས་བ།།
ངའི་དཔལ་ཐོབ་ཀྱི་གློ་གཟུར་གྲི་ཆུང་ཡིན་ནམ།།

འཕྱི་རྒྱ་རིལ་གྱིས་བྱུང་རྒྱལ་འཁྲོག་སྒང་སྒྲོག་འདི།།
ཤིང་སེང་ལྡེང་གི་ཌ་རུ་དིང་དིང་འཁྲོལ་ཞིང་།།
ཚ་བེར་བེར་གྱི་དམེ་གྲིབ་གཏོར་མ་འཕེན་པའི།།
བོན་རྣམ་དག་གི་སྔགས་རྒན་རྣམ་ཤེས་ཨེ་ཡིན།།

བོའུ་ཁྲ་རིང་དེ་པུ་ར་གླིང་དྲུག་ཁུར་བའི།།
མྱི་སྨུག་སྨུག་ཞིག་ར་མདར་མཆོང་འགྲོས་བྱས་པའི།།
ལོ་རྒས་མེད་ཀྱི་གནའ་གཏམ་གོ་ཁར་གཟིར་བ།།
ངའི་སྙིང་ཕུར་གྱི་འབྲོང་རྭ་སྨུག་པོ་ཨེ་ཡིན།།

དུས་མུན་སྲོས་འདིར་ཡུ་མོའི་ཤེའུ་ཐིག་ཤ་ལེར།།
ནགས་ལོ་ཤིང་གི་མེ་ཏོག་ཡོངས་འཛིན་གཏོར་དུས།།
སེམས་གསོག་ཆུང་གི་འདོད་པའི་སྒྲེག་པ་བསུད་ན།།
ངའི་མཆོག་དཀར་གྱི་གཞི་མོས་ཡང་ཡང་སྙིང་རྗེ།།

༢༠༡༥་༤་༡༣ཉིན།


ཨ་འབྲས་བཟློག་དགོས་པའི་མྱི།

གློག་བརྙན།༼斯巴达300勇士༽

རྟ་ཡིས་བརྡབས་སམ་གཡང་ལ་ལྷུང་ངམ་འགྲུལ་བ་འདི་དག་འཐིབས་འོག་ཚུད།།
གཞུ་སྲན་བཀང་པའི་ཞེ་སྡང་སྣ་ཚོགས་འཕྱོས་འཛིང་གིས་ནི་འཛིང་ག་བགྱེ།།
ཚད་དགུང་བཞད་པའི་མེ་ཏོག་གློ་དམར་རྨིག་རྡུལ་ནང་དུ་འཇིགས་རིངས་བྱེད།།
ཁྲོ་གཉེར་བསྡུས་པའི་རྐང་དམག་དག་གི་སྐྲ་དང་སྨིན་མར་རྩུབ་འཁྱིལ་རྒྱག།

བྱེ་བ་ཕྲག་བརྒྱའི་དགྲ་ཟུན་ལིང་ཚེ་ཕོག་སྔ་འགྱེལ་ཅིང་གཞོགས་བཤལ་འགྲོ།།
སུ་པཱ་ཏཱ་ནི་གྱང་ཐོག་མར་ཕོར་ལུག་ཁྱུའི་ནང་གི་སྤྱང་ཀི་སྟེ།།
པར་སུག་ཚང་གི་ཡེ་འབྲོག་ཕ་བོང་བྷ་ག་ཝཏི་རྩེ་བཅིལ་དུ།།
དབུགས་འདེག་གཅིག་གིས་ས་གནམ་འཐིབས་པའི་གནའ་བོའི་པར་སུག་གོ་འབྱེད་བྱེད།།

འུག་མིག་སད་མདའ་བརྟན་གཡུང་རྒད་པོ་མི་རྟག་སྒྱུ་མའི་ནོར་ལ་ཆགས།།
རྩུབ་མ་མཐོ་བའི་མཁར་ཟུར་དེ་ལ་ཐེར་ཟུག་ཆར་གྱི་རྡོ་བ་བབས།།
མདེ་ཁ་སྦྱར་བའི་སོན་ཆ་རེ་རེར་སུ་པཱ་ཏཱ་ཡི་མུན་པ་བབས།།
དཀྱུས་འཛུད་འཕྲང་འཕྲད་བར་དོ་བརྒྱུད་པའི་མངོན་སུམ་ལྟད་མོ་ཇི་སྙེད་མཐོང་།།

ཁྲལ་འུལ་འདེད་པའི་བྲན་གཡོག་ལམ་ལུགས་ཚ་འབྲབ་ཆེ་བའི་ཞེན་རྩི་སྟེ།།
ལོ་རྒྱུས་ཁུར་བའི་རྡོ་མཁར་དག་ནི་གང་སར་འདེགས་འཇོག་འགྲོ་སྙིང་བྱེད།།
མཆུ་སྒྲོས་སྟེང་དུ་རི་མོ་ཆགས་པའི་དར་གོས་ནང་གི་ཆུང་མ་ཡང་།།
ཨུ་ཤེར་སྐྱེས་པའི་རྡོ་གསེབ་འདི་ནས་ཐོལ་ཐོལ་ཕྲིག་ཕྲིག་འབུད་སྙམ་ཆེ།།

ཉེ་རིང་མ་ངེས་གཤིན་པོ་དག་ནི་བྱ་རྒོད་གཤོག་འཐབ་ཤུས་འདེབས་བྱེད།།
ཉེ་རིང་མ་ངེས་དགྲ་ཆེན་གཅེར་བུ་གླང་ཆེན་བཞོན་ཏེ་ལྷོ་ཕྱོགས་བགྲོད།།
ཉེ་རིང་མ་ངེས་མཚོན་ཆ་རྩུབ་མོ་རྫི་ཆར་ཟིམ་བུའི་མཆིན་པ་བཟའ།།
ཉེ་རིང་མ་ངེས་རོ་དང་རྣམ་ཤེས་དྲི་ངའི་ཁ་ལ་ཀྱོག་ཀྱོག་ཆགས།།

གཅིག་གཤེད་གཅིག་གིས་སེ་གོལ་སྡེབ་རིང་བྱེ་མའི་རི་ལ་ཆུ་འབེབས་བཞིན།།
དཔའ་རྟུལ་སུམ་བརྒྱས་མཚུན་གཏོར་བྱས་པའི་རྡོ་ཡི་བཙན་རྫོང་ཤིན་ཏུ་རྨྱ།།
ནང་ཚེགས་དབྱེ་བའི་རྣམ་འགྱུར་ལ་ལ་ང་ཡང་འབྲི་བའི་སྐབས་མེད་དེ།།
དུད་སྤྲིན་ནག་པོ་ལིང་ལིང་ཁེབས་པའི་གཡུལ་སའི་ནང་དུ་ཧད་དགོས་བྱུང་།།

དཔའ་བོའི་རྒྱུད་ཀྱི་ཞེ་སྡང་ཞེས་པ་འཁོར་བའི་ནང་གི་གཅོང་རོང་སྟེ།།
གཅོང་རོང་དེ་རུ་ལག་གཏོད་འཐབ་སྒང་ངུ་བསད་སྨྲ་བ་སུ་ཡིས་གོ།
འཛམ་གླིང་ཉི་མ་སེར་ཐག་ཆད་པའི་ད་ལྟ་བརྙན་འཕྲིན་མཚམས་བཞག་སྟེ།།
གཞི་པ་གང་རྩེའི་མགྲོན་པོ་དག་གིས་གངས་དཔལ་འབོད་པར་ཨ་ལན་བྱིན།།

༢༠༡༥་༧་༣།


སོ་བ་མེད་པའི་རི་ཆེན།

ཉི་ཤར་ཀླུངས་ལ་མ་ཕེབས་དུས།།
ང་ཡི་མོ་ཤམ་རབས་ཆད་མ།།
བླུ་ཆང་བཏུང་ནས་གཡལ་མ་འཕྱོངས།།
སྲོག་གི་མཁར་པོ་གཡེང་བར་བྱེད།།

མཚུར་ཁུང་ནང་ནས་ཤུ་འདེབས་པའི།།
དྲུ་བུ་འདྲ་བའི་དུད་འགྲོ་ཡིས།།
འཚག་བཟང་ལུས་བརྟས་ཡོང་དགོས་ཞེས།།
ཁ་ཆུ་བ་ཐག་ནལ་ནལ་ཡོང་།།

ནེའུ་ལེའུ་རི་མོ་གཡས་འཁྱིལ་མ།།
བརྒྱལ་འབོག་གཏོང་བའི་འདྲེ་ཡིན་ནམ།།
འོ་ངུ་འགྲོ་བའི་བྱིས་པ་དེར།།
མཁལ་ཁུང་བྱས་ཏེ་བེམ་ཏོལ་རྒྱགས།།

དེ་ནས་ཤར་ལ་ཕྱོགས་པའི་ཚེ།།
སྟོང་སང་བ་ཡི་ནམ་མཁའ་ན།།
རླན་ན་གནས་པའི་སྐྱར་མོ་དེས།།
ཟེ་སྤུ་རླུང་འཁུར་ཉ་མོ་འདྲོགས།།

ང་ནི་མཆིལ་བ་སྒུམ་འཐུ་བཞིན།།
སྡོད་མཐེན་ཐང་ལྷོད་མེད་པའི་ངང་།།
མཚོ་རྒན་མ་ལ་བསྔོ་མདོས་བྱེད།།
གད་སྙིགས་བཏུས་ཏེ་གང་སར་འགྲོ།།

རྒྱ་ལམ་འགྲུལ་བས་བལྟས་ཙ་ན།།
ཧྲོབ་ཙམ་བཏགས་པའི་ཡོས་དྲལ་འཐུང་།།
མིག་འབྲས་བཀྲ་པོས་གཟིགས་ཙ་ན།།
གར་སླ་འབྱེད་པའི་ཕྲུམ་གསར་འཐུང་།།

བཞའ་ཚན་ཅུང་ཟད་ཆེ་བ་ཡི།།
ན་གཤོངས་དག་དུ་བ་ཚྭ་ཆགས།།
སྣ་སྒོར་བ་སྐྱ་ཆགས་བཞིན་དུ།།
དཀའ་ཐུབ་ཅན་ནི་མདུན་དུ་བགྲོད།།

༢༠༡༥་༦་༧ཉིན།


སྤྲིན་དཀར་འཕྱུར་བའི་དེ་རིང་།

མི་རྣམས་ཀྱིས་ནི་སེམས་ཀྱི་བར་སྣང་དུ།།
རླུང་གཤོག་མཐུར་མེད་རྟ་ཞིག་རྒྱུགས་འདོད་ཆེ།།
སེམས་རྒྱུད་གདོན་གྱིས་བརླམས་སམ་དངོས་པོའི་རིགས།།
དུས་འདས་གནད་དུ་བབས་པའི་ལྟད་མོ་མཚར།།

མདོ་དོན་ཧྲིལ་གྱིས་དྲིལ་བའི་སྣང་བ་རུ།།
བརྟན་གཡོའི་སྒྲ་སྐད་ཐམས་ཅད་རབ་ཏུ་སྙན།།
ད་ཡང་སྭ་ར་སྭ་སྟིའི་མཚོ་ནང་ནས།།
ཚངས་མོ་དབྱངས་ཅན་འདྲ་ཞིག་བྱོན་སྙིང་བྱེད།།

དེ་ནི་རང་སྐྱོན་བཏང་སྙོམས་འཇོག་པ་ཡི།།
སྤྱི་བོར་ལྕུག་མ་སྐྱེས་པའི་རྨི་ལམ་སྟེ།།
འཆི་བར་ངེས་ཀྱང་ནམ་འཆི་མ་ངེས་པའི།།
ས་རྡུལ་འཕྲལ་འཕྲལ་ཆགས་པའི་གདོང་འདིའོ།།

གཉིད་ཀྱི་འཆར་སྣང་དཔྱིས་སུ་ཕྱིན་པའི་ཚེ།།
ཞེ་སྡང་འདོད་རྨོངས་ཁྲོ་བ་རླུང་བཞིན་ལྡིང་།།
དེ་ནི་གཟའ་སྐར་ངན་པའི་མི་ཚོགས་སྟེ།།
སྙིང་གར་པདྨ་ཕྱུང་བ་ང་ཉིད་གོ།

༢༠༡༥་༢ ་༢༦།


སྒང་འདིར་ང་ནི་བསིལ་སར་འདུག

ད་ནི་མཁྲིས་པ་ལྡང་བའི་དུས་ཚིགས་སྟེ།།
ཨེམ་ཆིས་སྤྲ་བ་བཏུ་དུས་སྟོན་ཀ་ཡིན།།
མངར་ཁ་བསྐ་བསིལ་ཟས་ལ་སྲེད་པ་ཡི།།
རང་བཞིན་དེ་ཡིས་ཏིག་ཏ་ཙེ་གུར་བསྟེན།།

འབྲོག་པ་རྣམས་ཀྱིས་ནམ་ཟླ་ཆར་ཞོལ་དུ།།
ཨོག་མའི་སྤོ་རྩིད་རིང་བའི་གཡག་རྒོད་བཤའ།།
བྱིས་པ་རྣམས་ཀྱིས་བཞོས་ཐོག་འོ་རློན་འཐུང་།།
ལོ་བཤུར་ལེན་པའི་མི་རྣམས་འཚར་ག་རྒྱགས།།

ཤ་བཙོས་རླངས་བསྲུབ་ཅན་ནི་རྒད་པོས་བཟའ།།
སྐྱུར་ཕྱུར་བསྲེས་པའི་སྣུམ་གྱི་ཟླ་བ་ཡིན།།
སྐྱབས་དང་ཁུར་ཚོད་ཆབ་ཚ་སུ་ཡིས་བཟའ།།
བསིལ་སར་འདུག་པའི་རྒྱུན་ཤེས་སུ་ལ་གོམས།།

འོན་ཀྱང་འདི་ནས་ཕྱིར་དྲན་བཟུང་བའི་ཚེ།།
བྱིས་དུས་དུས་འདི་བསིལ་ལ་འཇམ་སྣང་འདུག།
རི་དང་ལུང་བ་ཁམ་སྐྱ་སེར་སྨུག་སྣང་།།
ཟླ་བའི་ཟེར་མ་དག་ནི་འབྲོག་མོ་ཡི།།

དུས་རབས་སྨུགས་བསྲིང་མཐུད་པའི་ལན་བུར་སེམས།།
ས་རུ་ལྷུང་སྙམ་བྱེད་པའི་ཟླ་བ་ལ།།
གནམ་གྱི་མཐའ་ན་འཇུག་སྒོ་མི་འདུག་སྙམ།།
ཁོ་བོའི་ན་ཟླའི་ཚོགས་རྣམས་རྐ་ཆུའི་ནང་།།

ཉ་ལྕིབས་བཟའ་བའི་ལས་སུ་རྩིང་པོར་སྤྱོད།།
སྟོན་གྱི་རླུང་བུ་བསིལ་བསིལ་སེམས་ལ་གཡུག།
བྱིས་ལམ་རིང་མོ་ཡིད་འགུལ་རི་མོ་སྟེ།།
ད་དུང་ཚོར་བ་དེ་ནི་རློན་པར་སྣང་།།

༢༠༡༥་བོད་ཟླ་བརྒྱད་པར།

རྩོམ་ཡིག་གི་བདག་དབང་ངེད་དྲ་ཚིགས་ལ་ཡོད་པས་གང་བྱུང་འཁྱེར་མི་ཆོག

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s