རྩོམ་པ་པོ་མི་གསལ།


ནོར་འཁྲུལ་ཅན་གྱི་སོ་འཁྲིད་གོམས་གཤིས་ལྔ།

         ༡ སོ་འཁྲིད་པའི་ཤུགས་ཆེ་དྲགས་པའི་ནོར་འཁྲུལ། སོ་འཁྲིད་པའི་ཚེ་ན་ཤུགས་ཆེ་དྲགས་ཚེ།  ཕལ་ཆེར་སོ་དང་སོ་རྐང་གཉིས་ལའང་གནོད་སྐྱེལ་ནས་ཁ་སྦུག་གི་རུལ་འགྱུར་སློང་ངེས་ཕྱིར།  གལ་ཏེ་སོ་འཁྲིད་པའི་བྱེད་ཐབས་མི་འགྲིག་པ་དང་ཤུགས་བཀོལ་བ་ཆེ་དྲགས་ཚེ།དེ་ལས་ལྡོག་སྟེ་སོ་ལ་གནོད་སྐྱེལ་འོང་ངེས་སོ། །ཡང་དག་པའི་ཐབས་ལམ་ནི་འདི་ལྟ་སྟེ། སོ་འཁྲིད་པའི་ཤུགས་ཀྱི་ཆེ་ཆུང་ནི་མི་མི་འདྲ་བར་བྱེད་སྟངས་མི་འདྲ་བ་རེ་འཛིན་རྒྱུ་ཡོད་ཅིང་།  སོ་འཁྲིད་པའི་ཤུགས་ཀྱང་ལྕི་ཡང་མེད་པར་སོ་ངོས་གཙང་མ་འཁྲིད་རྒྱུར་འཚམ་པར་བྱེད་རྒྱུ་སྟེ། ཧ་ལམ་ལག་པའི་མཛུབ་མོས་འཁྱགས་བག་བྱེ་རིལ་ཞིག་བཟུང་བའི་ཤུགས་ཙམ་གྱིས་འདང་ངེས་ཡིན་ལ། དེ་ཡང་མཁྲིག་མའི་ཤུགས་ལས་དཔུང་བའི་ཤུགས་བཀོལ་ནས་སོ་འཁྲིད་དགོས་པ་མ་ཡིན་ནོ། །

       ༢ མལ་ལས་ལངས་མ་ཐག་སོ་འཁྲིད་པའི་ནོར་འཁྲུལ།  བརྒྱ་ཆའི་བརྒྱད་ཅུའི་རྒྱ་ནག་པས་ཉིན་རེར་ཞོགས་པར་མལ་ལས་ལངས་མ་ཐག་སོ་འཁྲིད་ཅིང་།  དེ་ནས་ནངས་ཇ་འཐུང་བར་བྱེད། དོན་དམ་དུ་ཟས་ཟ་བའི་སྔོན་དུ་སོ་འཁྲིད་པ་ནི་ནོར་འཁྲུལ་ཅན་གྱི་གོམས་གཤིས་ཤིག་སྟེ།  སྔ་མོར་མལ་ལས་ལངས་མ་ཐག་སོ་འཁྲིད་པ་ནི་མ་འཁྲིད་པ་ལས་མ་འདས་སོ།  །ཡང་དག་པའི་ཐབས་ལམ་ནི་འདི་ལྟ་སྟེ།   ཟས་ཟོས་པའི་ཆུ་ཚོད་སྐར་མ་ཉི་ཤུའི་རྗེས་ནས་སོ་འཁྲིད་པར་བར་བྱེད་པའོ།   །མལ་ལས་ལངས་རྗེས་ཆུ་དྭངས་མོས་ཁ་ནང་བཤལ་ཏེ་ནངས་ཇ་འཐུང་བ་དང་།  ནངས་ཇའི་སྐར་མ་ཉི་ཤུའི་རྗེས་ནས་སོ་འཁྲིད་པ་ནི།   ད་གཟོད་ཆེས་བདེ་ཐང་ཡིན་ཏེ།     ལྷག་པར་དུ་སྐྱུར་ལྡན་རང་བཞིན་གྱི་སྐོམ་ཆུ་འཐུང་རྗེས་སམ་སྐྱུར་ལྡན་རང་བཞིན་གྱི་ཟས་རིགས་ཟོས་པའི་རྗེས་སུའོ།།

       ༣ སོ་ཕྱིས་ཀྱི་བོངས་ཚད་རིང་དྲགས་པའི་ནོར་འཁྲུལ།    མི་རེ་རེའི་སོ་ལའང་ཆེ་ཆུང་ཅི་རིགས་ཡོད་ཅིང་།   སོ་ཕྱིས་ཆུང་དྲགས་ན་རྒྱ་ཁྱོན་ཆེ་བའི་ཁ་སྦུག་གི་གད་བདར་གྱི་ལས་འགྲུབ་ཐབས་མེད་པ་དང་།    ཡང་སོ་ཕྱིས་ཆུང་དྲགས་ན།ཆེས་ལྟག་གནས་ཀྱི་སོ་ལ་བསྲིངས་མི་ཐུབ་པས་གཙང་མར་འཁྲིད་མི་ཐུབ་སྟེ།    སོ་ཕྱིས་ཀྱི་ཆེ་ཆུང་ནི་འཁྲིད་མགོ་ཆེས་མཇུག་གི་སོ་ལ་བབ་བསྟུན་གྱི་སྒོ་ནས་བསྲིངས་ཐུབ་པར་འཚམ་པའི་ཁག་ཐེག་བྱེད་པའོ།    །ཡང་དག་པའི་ཐབས་ལམ་ནི་འདི་ལྟ་སྟེ།  ཆེ་ཆུང་འོས་འཚམ་གྱི་སོ་ཕྱིས་ཤིག་བདམས་ཏེ།    སོ་ཕྱིས་ཀྱི་ཆེ་ཆུང་ནི་སོ་གཉིས་དང་ཕྱེད་ཀའམ་གསུམ་ཙམ་གྱི་སོའི་ཞེང་ཚད་དང་འདྲ་མཚུངས་ཡིན་འོས་སོ།   །སོ་ཕྱིས་སྤྱིར་བཏང་བ་ཞིག་ཡིན་ན་ཟླ་གསུམ་ཙམ་གྱི་འཕྲོ་ནས་ཐེངས་གཅིག་རེར་བརྗེ་པས་ཆོག་མོད།   འཁྲིད་སྤུའི་དབྱིབས་འགྱུར་ཟིན་ཚེ།   སོ་ཕྱིས་ལམ་སང་བརྗེ་དགོས་སོ།  །

      ༤ ཆུ་འཁྱགས་ཀྱིས་སོ་འཁྲིད་པའི་ནོར་འཁྲུལ།      ཆུ་འཁྱགས་ཀྱིས་སོའི་རང་ངོས་ཀྱི་ཚོར་སྣང་སྐྱེན་པོ་ཡིན་པའི་མིའི་སོ་ལ་ཟུག་གཟེར་སློང་བར་མ་ཟད།   སོ་སྨན་ནང་གི་སོ་གཙང་སེལ་བྱེད་པའི་ནུས་པ་དང་ལྡན་པའི་དངོས་རིགས་འདོན་སྤེལ་བྱེད་པ་ལའང་ཕན་པ་མེད་ཅིང་།     ལྷག་པར་དུ་དགུན་ཁར་དེ་བས་ཀྱང་ཆུ་དྲོད་མོས་སོ་འཁྲིད་ནས་སོའི་ཚོར་བ་སྐྱེན་པོ་སློང་བ་ལས་གཡོལ་བར་བྱ་དགོས་སོ།   །ཡང་དག་པའི་ཐབས་ལམ་ནི་འདི་ལྟ་སྟེ།    སོ་སྨན་ནང་གི་གྲུབ་ཆ་གཙོ་བོ་སྟེ་དབུར་བརྡར་སྐུལ་རྫས་དང་ཧྥུ་འགྱུར་དངོས་པོ་ནི་ཚོད་ལྟ་ཁང་ནས་ཞིབ་འཇུག་བྱས་ཏེ་གསར་དུ་རྙེད་པ་ཡིན་ལ།ནུས་པ་དང་ལྡན་པའི་གྲུབ་ ཆ་འདི་དག་འདོན་སྤེལ་བྱེད་པའི་ཆེས་ལེགས་པའི་དྲོད་ཚད་ནི། དྲོད་ཚད་སོ་བདུན་ཡས་མས་ཙམ་ཡིན།    དེར་བརྟེན།    སོ་འཁྲིད་པའི་ཚེ་ན་ཆུའི་དྲོད་ཚད་དེ་རང་ཉིད་ཀྱི་ལུས་པོའི་དྲོད་ཚད་དང་ཉེ་ན་ཆེས་བཟང་ཞིང་།    ཆུ་ཚ་དྲགས་ནའང་མི་བཟང་ངོ་།    །

       ༥ སོ་འཕྲེད་ཀྱིས་འཁྲིད་པའི་ནོར་འཁྲུལ།    སོ་འཕྲེད་ཕྱོགས་སུ་འཁྲིད་ན་སོའི་བར་གྱི་སྲུབས་ཀ་ཧ་ཅང་འཁྲིད་དཀའ་ཞིང་།    ཤུགས་རྐྱེན་དེ་ལས་ཀྱང་ངན་པ་ནི་སོའི་དཀར་རྩི་ལ་བརྡར་ཟད་ཐེབས་སྲིད་དེ།      ལྷག་པར་དུ་སོ་འཁྲིད་པར་ཤུགས་ཆེ་བའི་མིའི་སོ་ལ་བརྡར་ཟད་ཐེབས་པ་དེ་བས་ཀྱང་ཚབས་ཆེ་བས།     དུས་ཚོད་རིང་པོ་སོང་རྗེས་ཧ་ཅང”ཁྱིའུ་གཟུགས་བརྡར་ཟད”དུ་ཆགས་སླ་བ་ཡིན།     ཁྱིའུ་གཟུགས་བརྡར་ཟད་མངོན་ཚུལ་ནི་སོ་རྩ་བརྡར་ཟད་ཐེབས་ནས་ཉམས་སླ་བར་འགྱུར་ཞིང་སོ་ལ་ལྷོད་འགུལ་དང་ཚོར་བ་སྐྱེན་པོ་འབྱུང་དུ་འཇུག་པ་ཡིན་ནོ།    །ཡང་དག་པའི་ཐབས་ལམ་ནི་འདི་ལྟ་སྟེ།     ཡང་དག་པའི་སོ་འཁྲིད་སྟངས་ནི་སོའི་སྲུབས་ཀ་བརྒྱུད་ནས་ཐད་དུ་འཁྲིད་པར་བྱེད་པ་དེའོ།  །


ཁ་སྦུག་གི་བདེ་ཐང་རང་ཚོད་རང་གིས་ལེན་ཐབས་བདུན།

        གཤམ་དུ་ཆེས་སླ་བའི་ཁ་སྦུག་གི་བདེ་ཐང་རང་ཚོད་རང་གིས་ལེན་པའི་ཐབས་འགའ་འོས་སྦྱོར་བྱ་བ་སྟེ།
༡ སོ་ཡིས་ཡང་མོར་བརྡུངས་པའམ་སོ་འཁྲིད་བཀོལ་ཏེ།   སོ་ཧྲིལ་པོ་ཚང་མ་བརྟན་ཞིང་ལྷོད་འགུལ་མེད་པའི་སྣང་ཚུལ་ཡོད་མེད་ལ་ལྟ་ཞིབ་བགྱི་རོགས་བྱེད་པ།
༢ ལྕེ་རྩེ་ཡིས་སོ་རེ་རེ་མྱོང་རོལ་བྱས་ཏེ།   སོ་ལ་མི་འདང་སའམ་ཞན་ཆ་ཡོད་མེད་ལ་བརྟག་དཔྱད་བྱེད་པ།
༣  ཁ་ཆེར་གདངས་ནས་མེ་ལོང་ངོས་སུ་འཁོར་ཏེ།སོ་སྲིན་དང་ནག་རྡོག     སོ་དྲེག    དེ་མིན་ཚོས་ཁྲ་ཐིག་ལེ་དང་ཚོས་རྒྱུ་ཡིས་བྱིང་ཡོད་མེད་ལ་བལྟ་བ་དང་།    ད་རུང་སོ་བར་དུ་ཟས་རིགས་འགག་ཡོད་མེད་ལའང་ལྟ་ཞིབ་བྱེད་པ།
༤  ཁ་སྦུག་ཏུ་རུལ་འགྱུར་དང་བྲོ་བ་མི་འདྲ་བ་ཡོད་མེད་མྱོང་བར་བྱེད་པ།
༥  སོ་མདོག་ལ་རྒྱུན་ལྡན་གྱི་ཟིང་དཀར་དང་སྐྲངས་དམར་མངོན་ཡོད་མེད་ལ་ལྟ་ཞིབ་བྱེད་པ།
༦  ཚ་གྲང་མངར་སྐྱུར་ལ་སོགས་པའི་ཟུག་གཟེར་སློང་བྱེད་ཀྱི་ཟས་རིགས་ཟ་བ་དང་སོ་འཁྲིད་པའི་ཚེ་ན།    སོ་ལ་སྐྱུར་ཚོར་དང་།    གཟེར་ཚོར།     སྙི་ཚོར་རམ་ཡང་ན་ཁྲག་བཞུར་བ་བཅས་ཀྱི་སྣང་ཚུལ་ཡོད་མེད་ལ་བལྟ་བ།
༧   ནམ་རྒྱུན་གྱི་ཁ་སྦུག་ནང་མཆིལ་མའི་ཟགས་ཐོན་གྱིས་འདང་མིན་དང་།    སྐམ་ཤས་ཆེ་བའི་ཚོར་སྣང་ཡོད་མེད་ལ་བལྟ་བ་བཅས་སོ།    །གོང་གི་དོན་ཚན་འགའ་དེ་དག་ལས།    གལ་ཏེ་དོན་ཚན་གཅིག་གམ་སྣ་མང་ཞིག་ལྟོས་ཟླར་འབྱུང་འབྲས་མི་ལེགས་པ་ཡོད་ཚེ།   དེས་ན་ཁྱེད་ཀྱི་ཁ་སྦུག་ལ་གནད་དོན་བྱུང་ཟིན་པ་ར་སྤྲོད་བྱས་ཡོད་པས།    གལ་ཏེ་ཚབས་ཆེ་བའི་ཁ་སྦུག་གི་ནད་གཞི་ཡིན་ཚེ།   ངེས་པར་དུ་སྨན་པར་བསྟེན་ནས་གསོ་བཅོས་བྱ་དགོས།    ཡང་གལ་ཏེ་ཁམས་མི་བདེ་བ་ཅུང་ཟད་ཙམ་བྱུང་ཚེ།    ནམ་རྒྱུན་གྱི་སྔོན་འགོག་དང་ཁ་སྦུག་གི་ལུས་ཁམས་བདེ་སྲུང་ལ་སྔར་བས་ཀྱང་དོ་གལ་ཆེན་པོ་བྱ་འོས་སོ།


ཁ་སྦུག་གི་ལུས་ཁམས་བདེ་སྲུང་གི་ལུས་རྩལ།

         འདིར་ཁ་སྦུག་གི་ལུས་ཁམས་བདེ་སྲུང་གི་ལུས་རྩལ་རབ་དང་རིམ་པ་ཞིག་འོས་སྦྱོར་བྱ་སྟེ། དུས་རྒྱུན་པར་བྱས་ན་ནུས་པ་དང་ལྡན་པའི་སྒོ་ནས་ཁ་སྦུག་གི་ནད་རིགས་སྔོན་འགོག་བྱ་ནུས་ཤིང་།  གཞན་ཡང་རྩྭ་སྨན་རང་བཞིན་གྱི་སྨན་རྫས་འོས་འཚམ་ཞིག་བདམས་ནས།སོ་སྨན་སྐོར་ཞིག་བདག་སྐྱོང་བྱས་ཏེ།  སྔོན་འགོག་དང་ལུས་ཁམས་བདེ་སྲུང་གཉིས་མཉམ་སྤྱོད་བྱས་ན།  ནམ་རྒྱུན་ནས་བཟུང་བདེ་ཐང་ཅན་གྱི་ཁ་སྦུག་ཅིག་བདག་སྐྱོང་བྱེད་ཐུབ་བོ། །

       སོ་རྡུང་པ་ནི་རང་རྒྱལ་གྱི་ལོ་རྒྱུས་ཅུང་རིང་བའི་སྲོལ་རྒྱུན་རང་བཞིན་ལྡན་པའི་སོའི་ལུས་ཁམས་བདེ་སྲུང་གི་ཐབས་ཤིག་ཡིན། བཀོལ་སྤྱོད་བྱེད་པའི་ཚེ་ན་གོང་འོག་གི་སོ་རྣམས་ཕན་ཚུན་བརྡེབས་ནས། རྡེབ་ཐུག་བྱུང་བའི་སྒྲ་གྲག་ཏུ་བཅུག་པས་ཆོག་པ་ཡིན། ནངས་དགོང་ལ་ཐེངས་གཅིག་རེ་དང་ཐེངས་རེར༣༠-༤༠བརྡེབ་དགོས་པའི་འོས་སྦྱོར་བྱའོ།།

        ལྕེ་གཡུག་ནས་འཕུར་མཉེད་བྱེད་ཚུལ་བསྟན་པ། ལྕེ་རྩེ་སློག་འཁྱིལ་བྱས་ནས་སོ་ལ་དམ་པོར་སྦྱར་ཏེ། ཏུའུ༣༦༠འཁོར་སྐྱོད་བྱེད་པ་དང་། ཐོག་མར་ཕྱི་ལོགས་ཀྱི་སོ་ལ་འཕུར་མཉེད་བྱས་རྗེས།  དེ་ནས་ནང་ལོགས་ཀྱི་སོ་ལ་འཕུར་མཉེད་བྱ་རྒྱུ་སྟེ།  ཐེངས་རེར་འཕུར་མཉེད ༣༠-༤༠བྱ་དགོས་སོ།།

        ཁ་བཤལ་བའི་ཐབས་བསྟན་པ་སྟེ།  ལྕེ་བསྐོར་ནས་འཕུར་མཉེད་བྱས་ཏེ་མཆིལ་མ་ཐོན་པའི་ཚེ་ན།  མིད་པར་མི་བྱ་བར་མུ་མཐུད་དུ་དཀྲུག་པ་དང་། མཆིལ་མ་རིམ་གྱིས་ཇེ་མང་དུ་སོང་རྗེས་མཆིལ་མས་ཐེངས་སུམ་ཅུ་ཡས་མས་ཙམ་ལ་ཁ་བཤལ་བ།  ཁ་སྦུག་གི་ནད་རིགས་ཡོད་པའི་སོའི་ངོས་སུ་ནན་གྱིས་ཐེངས་དུ་མར་བཤལ་ཆོག་ཅིང་།  རྨས་ཕོག་པའི་སོའི་གནས་ཡུལ་མི་བདེ་བ་བྱུང་ཚེ་ཡང་། ཐེངས་དུ་མར་བཤལ་ཆོག་གོ །

         མཛུབ་མོས་འཕུར་མཉེད་བྱེད་ཚུལ་བསྟན་པ་སྟེ། ཁ་བཤལ་རྗེས་མཛུབ་མོ་གཙང་མ་སྤྱད་ནས་ཐད་ཀར་སོའི་རྙིལ་རྩ་ནས་སོ་རྩེ་བར་འཕུར་མཉེད་བྱེད་པ་དང་། ཕྱི་ནང་གོང་འོག་དང་གཡས་གཡོན་ཀུན་ལའང་རིམ་བཞིན་དུ་འཕུར་མཉེད་བྱེད་པ། དེ་ནས་སོ་རྩར་འཕྲེད་དུ་འཕུར་མཉེད་བྱེད་པ་དང་། རིམ་པ་ལྟར་ཁག་དགར་ནས་ཐེངས་གཅིག་རེར་ཧ་ལམ་སྐར་མ་ལྔ་རེར་འཕུར་མཉེད་བྱེད་པའོ། །


སོ་མ་ཕུད་སྔོན་དུ་ངེས་དགོས་པའི་རྒྱུན་ཤེས་འགའ།

       སོ་ཕུད་པའང་དོན་དངོས་སུ་བཤའ་བཅོས་ཆུང་ཆུང་ཞིག་རེད། འོན་ཀྱང་སོ་ཕུད་རྗེས་རྨ་ཁ་གསོ་ཐབས་ལ་ཉམས་འཇོག་མ་བྱས་ན་དཀའ་ཁག་མི་ཉུང་བ་ཞིག་འཕྲད་སྲིད།
སོ་ཕུད་རྗེས་སྨན་པས་ངེས་པར་དུ་རྨ་ཁ་ཤིང་བལ་གྱིས་བཅུན་དགོས་ལ། དུས་ཚོད་ཙམ་འཕྲོ་ནས་གཡུགས་ཀྱང་ཆོག་མོད་གནད་འདི་གཏན་ནས་སྣང་ཆུང་བྱེད་མི་རུང་སྟེ། ཤིང་བལ་དེས་ཁྲག་གཅོད་པ་དང་འགོ་ནད་གཞན་ཡང་སྔོན་འགོག་བྱེད་ཀྱིན་ཡོད་པས་སོ། ། ཤིང་བལ་རིལ་བུ་དེ་དུག་སེལ་བྱས་ཚར་རྗེས་དལ་གྱིས་སོ་བར་བཟུང་ན་ཁྲག་གཅོད་པ་དང་། མཆིལ་མ་རྨ་ཁར་མི་སིམ་པ། རྨ་ཁ་ཟུམ་པ་སོགས་ལ་ཕན་པ་ཤིན་ཏུ་ཆེ།


སོ་ཕུད་རྗེས་སྨན་ཁང་ནས་འགྲོ་རྒྱུ་དེ་བྲེལ་མི་དགོས།

       ཤིང་བལ་རིལ་བུ་དེ་བཟུང་ནས་དུས་ཕྱེད་ཡོལ་རྗེས་སྨན་པ་ལ་ད་དུང་ཁྲག་ཆོད་མིན་སོགས་ཀྱི་བལྟ་ཞིབ་ལེགས་པོར་བྱས་ན་འགྲིག གལ་ཏེ་ད་དུང་ཁྲག་ཆོད་མེད་པ་མཐོང་ཚེ་སྨན་པས”ད་དུང་ཁྲག་ཆོད་མི་འདུག་”ཅེས་ལབ་ངེས་ལ། ཁྲག་གཅོད་ཐབས་ཀྱི་ལམ་ཁ་གཞན་གདམས་ངེས། ཉུང་ཤས་ཤིག་ལ་སྐབས་འདིར་ཁྲག་གཅོད་ཀྱི་གནས་ཚུལ་ལེགས་པོར་མ་བརྟག་པར་ལུས་ཕུང་ལ་ཡོངས་ལ་ན་ཚ་སྣ་ཚོགས་འདྲེན་གྱིན་ཡོད། འདི་ནི་ནད་པས་སོ་མ་ཕུད་སྔོན་དུ་སྨན་པ་ལ་ནད་ཀྱི་གནས་ཚུལ་གསལ་པོར་མ་ཞུས་པ་དང་། སྨན་པས་ཀྱང་དེའི་ཐད་ལ་དཔྱད་ཞིབ་ལེགས་པོར་མ་གནང་བའི་སྐྱོན་ཡིན་ངེས། དེའང་རབ་ཡིན་ན་སོ་ཕུད་སྐབས་ངེས་པར་དུ་ཟླ་མཚན་བཞུར་བའི་དུས་ཚོད་དང་གཟུར་དགོས།   སྔར་འཁྲིད་པའི་ཤིང་བལ་དེ་སྐར་མ་སུམ་ཅུ་ཙམ་ལ་ངེས་པར་གཟུང་དགོས་མོད། དུས་ཚོད་དེ་ལས་འགངས་ཚེ་ཇི་ལྟར་བཟུང་ཡང་ཕན་པ་དེ་ཙམ་མེད། ད་དུང་དུས་ཡུན་རིང་དྲགས་ན་ཤིང་བལ་ལས་རྨ་ཁར་མཆིལ་མ་ཐུམ་པའི་སྐྱོན་ཡང་ཡོད་ངེས་ལ། རྨ་ཁ་དུས་ལྟར་མི་ཟུམ་པ་ལའང་གནོད་སྲིད། གཞན་ཡང་རྨ་ཁ་ལས་ཁྲག་གཤེར་མི་ཐོན་པའི་སླད་དུ་ཤེད་དྲགས་པོས་འཛིན་མི་རིགས། སོ་ཕུད་ཤུལ་གྱི་ཁྲག་གཤེར་སྲུང་འགོག་ཙམ་གྱིས་ཆོག་གོ། །


གཤམ་གྱི་གནས་ཚུལ་དག་མཐོང་ཚེ་སོ་ཕུད་རྒྱུ་འོས་འཚམས་མིན།

༡ སྙིང་ནད་ཀྱི་ནད་ཚབ་ཆེ་དང་ཁྲག་ཚད་ཧོ་སྨི༡༨༠/༡༠༠ དམའ་བ་ཡིན་ན། ཁྲག་འབབ་རང་བཞིན་གྱི་ནད་རིགས་ཏེ། དཔེར་ན། ཁྲག་ཐོན་སླ་བའི་ནད་དང་། འགོ་ མཆེད་རང་བཞིན་གྱི་ཁྲག་སྙུང་སྨུག་ཐིག་གི་ནད་རིགས་ཡོད་པའི་ནད་པས་སོ་ཕུད་པ་ལ་ མ་གཟུར་ན་སྐྲན་ནད་ངན་པ་དང་དབང་རྩའི་ནད་རིགས་སོགས་འབྱུང་སྲིད། ད་དུང་མངར་གཅིན་ནད་ཀྱི་ནད་རྟགས་ཡོད་པའི་ནད་པས། ལུས་རྩལ་དང་ངལ་རྩོལ། ཆང་རག་བཏུང་རྗེས་སོ་ཕུད་ན་འོས་འཚམས་མིན།

༢ བྱིས་པ་ལོ་དྲུག་མན་གྱི་སེའུ་ཆུང་སྒུལ་མི་རུང་།འོན་ཀྱང་སོ་ནད་བྱུང་ཚེ་ནད་བཅོས་བྱ་དགོས་མོད་སོ་གཏན་ནས་ཕུད་མི་རུང་ངོ་། །

༣ བུད་མེད་ཡིན་ན་ཟླ་མཚན་འབབ་འགོ་བརྩམས་པའི་སྐབས་སོ་ཕུད་མི་རུང་ལ། སྦྲུམ་མ་ཡིན་ན་བྱིས་པ་མ་བཙས་བའི་ཟླ་བ་༣གྱི་ཡར་སྔོན་དུ་སོ་མ་ཕུད་ཤིན་ཏུ་བཟང་། འོན་ཀྱང་བཙས་ཟིན་རྗེས་སོ་ཕུད་ན་སྐྱོན་ཆེན་པོ་མེད་ཀྱང་། ད་དུང་དུག་སྲིན་འགོག་སྨན་བསྟེན་ན་བཟང་།


༤ ལོ་རྒན་པ་སྟེ་ལོ་གྲངས་བདུན་ཅུ་ཡན་གྱི་སོ་ཕུད་སྐབས་ཁྱིམ་མི་ལྷན་དུ་ཡོད་ན་བཟང་།


སོ་གང་འདྲ་ཕུད་ན་ཆོག་གམ།

༡ སོ་འགུལ་སྐབས་སྨན་བཅོས་ཀྱི་ལག་ཐབས་བསྟེན་ཀྱང་ད་དུང་བརྟན་པོ་མིན་པའི་རིགས་ཕུད་ན་ཆོག

༢ སོ་སྲིན་གྱིས་སོ་མགོ་ཕལ་ཆེར་ཟོས་པ་དང་སོ་རྩའི་མཐའ་ཁོར་ཟོས་པ། སོ་སྙིང་ལ་གཉན་ཚད་བསྟུན་མར་རྒྱས་པ། སོ་མཐའ་རིམས་ནད་ཕོགས་པ། སོ་རྙིལ་ལ་བསྟུན་མར་གཉན་ཚད་རྒྱས་པས་སྐྲངས་པའི་རིགས་དང་།

༣ སོ་གྲལ་མི་མཉམ་པ་ལ་བརྟེན་ནས་སེའུ་ཆུང་འབུས་པ་ལ་གནོད་པ། ད་དུང་སོའི་ཆ་ཤས་འགའ་ནད་ཀྱིས་བཟུང་བ་དང་སོ་ཧྲིལ་བོ་ནད་ཀྱིས་བཟུང་བའི་སོ་དག་ནི་ཕུད་ན་བཟང་།
གལ་ཏེ་ཁྱེད་ལ་གོང་སྨྲོས་ཀྱི་ཁ་སྦུག་ཏུ་མི་བདེ་བ་བྱེད་པའི་སོ་དག་ཡོད་ན་ཕུད་པར་རིགས་སོ།།


སོ་བལ་ནས་ཟླ་གསུམ་གྱི་རྗེས་སུ་ལམ་སང་སོ་ཚབ་འཛུགས་པར་བསྟན་པ།

        “ལྷག་མའི་སོ་ལེགས་པོ་འགའ་དེའང་བལ་ནས་ལྷན་ཅིག་ཏུ་སོ་ཚབ་བཙུགས་ན་ནི་ལས་སླ་བས།  ཁ་ནང་གི་སོ་ཚང་མ་ལྷུང་ཚར་རྗེས་ད་གཟོད་སོ་ཚབ་འཛུགས་པར་བྱེད། དེ་ལྟར་བྱས་ན། ད་ལྟ་སོ་རྫུན་མ་འགའ་བཙུགས་པ་དེ་རྗེས་ཕྱོགས་སོ་གཞན་དག་ལ་སྐྱོན་བྱུང་ཚེའང་ཡང་ བསྐྱར་འཛུག་མི་དགོས་སོ། །”ཞེས་པ་འདིས་མི་མང་པོ་ཞིག་གི་བསམ་ཚུལ་མཚོན།  འདི་ནི་ཆེས་ཡང་དག་མིན་པ་ཞིག་ཏེ། སོ་ཧྲིལ་པོ་ནི་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་ཡིན་ལ། གལ་ཏེ་སོ་གཅིག་ལྷུང་བར་གྱུར་ཚེ།  སྐྲ་ཉག་གཅིག་གིས་ལུས་ཕུང་ཧྲིལ་པོ་སྒུལ་བར་བྱེད་པའི་མཇུག་འབྲས་བཟོ་ངེས་པ། དཔེར་ན། ཉེ་འགྲམ་གྱི་སོའི་གནས་སྤོས་པས་གོང་འོག་མཐུན་སྦྲེལ་བྱས་པའི་སོའི་གནས་འཛོལ་བར་སྐྱེ་བར་བརྟེན། སོ་ཡིས་བསྡམས་པ་དང་འཆའ་བར་བྱེད་པའི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་འོང་ཞིང་། ཟས་འཇུ་བ་དང་འཚོ་བཅུད་འབྱིན་རྔུབ་བྱེད་པ་ལའང་ཤུགས་རྐྱེན་ཐེབས་འོང་བས།  སོ་མཚེས་སྔར་ལས་མགྱོགས་པའི་སྒོ་ནས་ལྷོད་འགུལ་བྱུང་སྟེ་སིལ་བུར་འཐོར་བ་དང་།  ཚབས་ཆེ་མཁན་ལ་ཕལ་ཆེར་ད་རུང་སྙིང་ནད་དང་ཕོ་བའི་ནད།  གཅིན་སྙི་ནད།  སྙིང་ཁམས་ཁྲག་རྩའི་ནད་བཅས་སློང་བའམ། ཡང་ན་ནད་དེ་དག་གི་ཚབས་སྔར་ལས་ཇེ་ཆེར་བསྐྱེད་པར་བྱེད་དོ། །སྔར་གནས་སུ་སོར་འཇོག་བྱ་མི་རུང་བ་མངོན་གསལ་ཆེ་བའི་སོ་རྐང་སྐྱོན་ཅན་དང་།  སོ་རྩེ་གནོད་ཅན།  ལྷོད་འགུལ་ཐེབས་པའི་སོ་དག་ལ་མཚོན་ན།  སྔ་མོ་ནས་འབལ་འོས་པ་ལས།དེ་ལ་ཡིད་ཕངས་དགོས་དོན་མེད་དོ། ། ཡང་བྱེད་ནུས་ཤོར་མེད་པའི་སོ་ནི་ལམ་སང་གསོ་བཅོས་བྱ་འོས་ལ། མཐར་གཏུགས་ན་སོ་ནི་རང་གི་སོ་ངོ་མ་དེ་ལེགས་ཤིང་།  སོ་ངོ་མས་ནི་རོ་འཛིན་དང་ཚ་གྲང་གི་དྲོ་ཚད་སོགས་སྔར་ལས་ལྷག་པའི་སྒོ་ནས་མྱོང་ཐུབ་བོ། ། དེས་ན་སོ་བལ་རྗེས་དུས་ག་ཙམ་གྱི་རྗེས་ནས་ད་གཟོད་སོ་ཚབ་འཛུག་ཆོག་པ་ཡིན་ནམ། སྤྱིར་བཏང་དུ་ཟླ་གསུམ་གྱི་རྗེས་ནས་རྨ་ཁ་ཡོངས་སུ་སོས་རྗེས།ཕྲ་བཏབ་པའི་སོ་རྗུན་མ་དེ་ད་གཟོད་བཏགས་ན་བདེ་པོ་ཡིན་ནོ།  །

ཡོང་ཁུངས་དྲ་བ་གཞན།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading