ཁ་སྒང་གཡང་འབུམ་ཚེ་རིང་།
མི་ལོ་ང་བདུན།
བཙན་འཛུལ་གྱི་ཁྲག་དྲོན་གང་སར་འཐོར་ཞིང་།
སྒྱོགས་མདེལ་གྱི་ལྡིར་སྒྲས་གནམ་ས་འགེངས།
མི་ཚེ་གཉའ་གནོན་གྱིས་བཅིར་བའི་མི་ལོ་ང་བདུན།
མི་རིགས་ཤིག་གི་ཉམས་རྒུད་ཀྱི་འཁུན་སྒྲ་ཡིན།
རྒྱལ་ཁབ་ཅིག་གི་ལོ་རྒྱུས་ཀྱི་གྱོང་གུད་ཡིན།
མི་ལོ་ང་བདུན།
ཀླ་ཀློ་དང་ཞིང་བྲན་གྱི་ཐ་སྙད་སྤྱད་ནས།
གསར་བརྗེ་དང་བཅིངས་འགྲོལ་གྱི་འབོད་སྒྲ་བསྒྲགས་ནས།
ཁ་ཡག་ཚིག་འཇམ་གྱིས་བསླུས་པའི་མི་ལོ་ང་གཉིས།
བོད་མི་ཚོ་གཞིས་བྱེས་གཉིས་སུ་གྱེས་པའི་གདུང་བ་ཡིན།
བོད་ཡུལ་འདི་དབང་སྒྱུར་དང་བདག་བཟུང་བྱས་པའི་ཕམ་ཉེས་ཡིན།
མི་ལོ་ང་བདུན།
བཤུ་གཞོག་དང་བཙན་ཤེད་ཀྱི་སྡེར་ཁྱིམ་འོག་ནས།
རྡུང་རྡེག་དང་འཐབ་རྩོད་ཀྱི་བྱ་འགུལ་ཁྲོད་ནས།
ནག་མེད་ཉེས་འགེལ་གྱི་ཤོག་ཞྭ་གཡོགས་པའི་མི་ལོ་ང་བདུན།
བོད་མི་ཚོ་དོན་མེད་ལ་དམར་གསོད་བཏང་བའི་ལོ་ཟླ་ཡིན།
བོད་ཡུལ་འདི་ཁྲག་གིས་སྦག་པའི་ཉམ་ང་ཡིན།
མི་ལོ་ང་བདུན།
ཁྱི་སྤྱང་ངན་འབྲེལ་བྱས་པའི་ལྟས་ངན་ཁྲོད་ནས།
རྐུན་ཇག་ཉིན་མོར་རྒྱུགས་པའི་གདུག་རྩུབ་ཆེ་བས།
ཁྱིམ་ཚང་རེ་རེའི་བདེ་འཇགས་བོར་བའི་མི་ལོ་ང་བདུན།
ཨ་ཕ་སྒོ་ལ་སོང་ནས་ཕྱིར་འོང་མ་ཡོད་པའི་ཆག་སྒོ་ཡིན།
ཨ་མས་ཁ་ཆེམས་བཞག་ནས་གཏན་དུ་བཞུད་སོང་བའི་མྱ་ངན་ཡིན།
མི་ལོ་ང་བདུན།
ནུབ་བརྒྱུད་ཐོན་འབྱེད་ཀྱི་ལས་གཞི་ཁྲོད་ནས།
བོད་ཡུལ་འཛུགས་སྐྲུན་གྱི་དྲིལ་བསྒྲགས་འོག་ནས།
རང་ས་རང་བདག་གི་ཁེ་དབང་ཤོར་བའི་མི་ལོ་ང་བདུན།
རྒྱ་རིགས་བོད་ཡུལ་དུ་འཚང་བའི་ཟིན་ཐོ་ཡིན།
བོད་ནོར་རྒྱ་ཡུལ་དུ་སྐྱེལ་བའི་རྗེས་ཤུལ་ཡིན།
མི་ལོ་ང་བདུན།
ཞིང་འབྲོག་འཚོ་བ་ཡར་རྒྱས་ལ་ཁ་གཡར་ཏེ།
རི་ཆུ་ནགས་གསུམ་སྲུང་སྐྱོབ་ལ་ཁག་བཞག་སྟེ།
བོད་མིའི་འཚོ་ཐབས་དང་འཚོ་གནས་ཕྲོགས་པའི་མི་ལོ་ང་བདུན།
འབྲོག་པ་ཚོས་སྒོ་ཟོག་དང་རྩྭ་ས་ཤོར་བའི་སྨྲེ་ངག་ཡིན།
རོང་བ་ཚོས་རྣང་ཞིང་གྲུ་བཞི་ཤོར་བའི་མིག་ཆུ་ཡིན།
མི་ལོ་ང་བདུན།
མི་རིགས་འདྲ་མཉམ་གྱི་སྲིད་བྱུས་ཁ་ནས་བསྒྲགས་ཏེ།
མི་རིགས་ཆེན་པོའི་རིང་ལུགས་ལག་ཏུ་བསྟར་བཞིན།
ཐུབ་ཚོད་དང་དབང་ཤེད་ཀྱིས་འདས་པའི་མི་ལོ་ང་བདུན།
བོད་མི་ཚོའི་མགོ་ལ་རྡོག་བརྫིས་བཏང་བའི་ཞེ་འཁོན་ཡིན།
བོད་མི་ཚོའི་སྙིང་ལ་ཚེར་བ་བཏབ་པའི་ན་ཟུག་ཡིན།
མི་ལོ་ང་བདུན།
ཁ་བྲལ་རིང་ལུགས་ཀྱི་མིང་ཆད་བཙན་གྱིས་འདོགས་བཞིན།
མི་རིགས་ནང་ཁུལ་གྱི་དཀྲུག་རྐྱེན་ཡང་ཡང་བཟོ་བཞིན།
འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཙམ་ཡང་བརླགས་པའི་མི་ལོ་ང་བདུན།
བདེན་གཏམ་ནག་ཉེས་སུ་སྒྱུར་བའི་དབང་ཤུགས་ཡིན།
རྫུན་གཏམ་རྩ་འཛིན་དུ་གྱུར་བའི་སྲིད་བྱུས་ཡིན།
མི་ལོ་ང་བདུན།
བཙན་པོའི་སྙིང་སྟོབས་ཀྱི་གོ་ཆ་དཔལ་དུ་སྤྲས་ནས།
འཚེ་མེད་ཞི་བ་ཡི་འཐབ་རྩོད་རྒྱུན་དུ་བསྲིངས་ནས།
ཆིག་སྒྲིལ་དང་ཆོད་སེམས་ཀྱིས་བསྐྱངས་པའི་མི་ལོ་ང་བདུན།
སྤུན་ཟླ་ཚོས་བདེན་དོན་གྱི་མེ་དཔུང་སྦར་བའི་མེ་ལྕེ་ཡིན།
བོད་དོན་འདི་རྒྱལ་སྤྱིའི་སྡིང་ཆའི་སྟེང་འཕྱུར་བའི་འབོད་སྒྲ་ཡིན།
མི་ལོ་ང་བདུན།
ལོ་རྒྱུས་ཀྱི་ཡིག་ཆ་དཔང་པོར་བཞག་ནས།
གཉིས་ཕན་གྱི་དོན་གནད་གཙོ་འདོན་བྱས་ནས།
ཞི་མོལ་ཞི་འགྲིག་གི་ཕྱག་ཟུང་བརྐྱངས་པའི་མི་ལོ་ང་བདུན།
རྒྱ་གཞུང་ལ་བསྟུན་ཐབས་བྱས་པའི་བསམ་ཤེས་ཡིན།
གཞུང་འཛིན་པར་ནང་ཚགས་བྱས་པའི་མཐུན་ལམ་ཡིན།
མི་ལོ་ང་བདུན།
རང་དབང་གི་ཆེད་དུ།
བདེན་དོན་གྱི་ཕྱིར་དུ།
སྤུན་ཟླ་བརྒྱ་དང་ལྔ་བཅུ་ལྷག་གི་རང་ལུས་མཆོད་མེར་ཕུལ་བའི་མི་ལོ་ང་བདུན།
དཔའ་བོ་ཞིག་ཇག་ལ་སོང་བའི་གཏམ་རྒྱུད་མ་ཡིན་པར།
མི་རིགས་ཤིག་ཉེན་ཁ་ལས་སྐྱོབ་པའི་ཞི་རྒོལ་ཡིན།
མི་ལོ་ང་བདུན།
བོད་པ་ཚོས་རང་ངོ་འཕྲོད་ཅིང་།
བོད་མི་ཚོས་རང་རིགས་རྙེད།
འགན་ཁུར་དང་སེམས་ཤུགས་ཀྱིས་སྐྱོར་བའི་ལོ་ང་བདུན།
བཙན་པོའི་དཔའ་དར་ཡིན།
ལོ་རྒྱུས་ཀྱི་རྡོ་རིང་ཡིན།
༧ རྒྱལ་བ་རིན་པོ་ཆེ་ཁྲི་ལོར་ཤོག
ཆིག་སྒྲིལ་ཁྲི་ལོར་ཤོག
བདེན་པ་ཁྲི་ལོར་ཤོག
ངེད་དྲ་ཚིགས།
དབུ་མའི་ལམ། བོད་རྒྱ་འབྲེལ་མོལ་བྱེད་དགོས། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད།
བོད་མི་མཐུན་སྒྲིལ་བྱེད་རོགས།